མི་སེར་དམངས་གཙོ་ཚོགས་པ་གིས་ འཐུས་མི་ལེ་ཤ་ཅིག་ར་ སོར་ནིའི་འཆར་གཞི་ཡོདཔ།

༉ མི་སེར་དམངས་གཙོ་ཚོགས་པ་གིས་ ད་རེས་ ཕྱག་ཞུ་བའི་བསྒང་ཡོད་མི་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་༡༠ དེ་ཅིག་ འདེམས་ངོ་གསར་བཙུགས་ཐོག་ལས་ སོར་ནིའི་འཆར་གཞི་ ཡོདཔ་ཨིན་པས།

རྒྱལ་ཡོངས་ཚོགས་འདུ་ནང་ འདེམས་ཁྲི་ཡོངས་བསྡོམས་༤༧ ཡོད་ས་ལས་ མི་སེར་དམངས་གཙོ་ཚོགས་པའི་ འཐུས་མི་༣༣ ཡོདཔ་ད་ སྤྱི་ཚོགས་༣ པའི་ རྒྱལ་ཡོངས་ཚོགས་འདུའི་བཙག་འཐུ་དེ་ འགོ་འདྲེན་འཐབ་ནི་ ཟླཝ་༣ ལས་བརྒལ་མེདཔ་ཨིན་པས།

འཕྲལ་ཁམས་ཅིག་ཁར་ ཚོགས་པའི་གཙོ་འཛིན་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ སོར་ནི་ཨིན་མི་འཐུས་མི་ རེ་རེ་བཞིན་དུ་ ཡིག་ཚང་ནང་ འབོ་ཞིནམ་ལས་ ཁོང་ལུ་འདེམས་ངོ་སྦེ་ བཅའ་མར་གཏོགས་ནིའི་ གོ་སྐབས་བྱིན་མ་ཚུགས་པའི་ གནད་དོན་ཚུ་གསུངས་ནུག།

འཐུས་མི་ཚུ་ སོར་ནི་ཨིན་པའི་ གྲོས་ཐད་བཅད་མི་དེ་ཡང་ བློ་གཏད་ཚུགས་པའི་མི་ཚུ་གིས་ བསམ་འཆར་བཀོད་མི་ལུ་ གཞི་བཞག་སྟེ་འོང་ནི་ཨིནམ་ད་ ཁོང་རེ་རེ་བཞིན་དུ་ བློན་ཆེན་ཡིག་ཚང་ནང་ འབོ་ཡི་ཟེར་ འཐུས་མི་ཅིག་གིས་བཤད་ཅི།

སོར་ནི་ཨིན་པའི་འཐུས་མི་ གཏན་འཁེལ་སོང་མི་དེ་ དར་དཀར་ནང་ ལྷ་མོ་རྫིང་ཁའི་འཐུས་མི་ ལས་གཡོག་བློན་པོ་ ཉི་མ་སངས་རྒྱས་ཆེན་པོ་དང་ འབྲུག་རྗེས་བསྒང་གི་འཐུས་མི་ ཀརྨ་རྡོ་རྗེ་ བསམ་རྩེ་བཀྲིས་ཆོས་གླིང་གི་འཐུས་མི་ རི་ཏུ་རཱཇ་ ཆེ་ཏི་རི་དང་ ཨྱོན་རྩེ་-འོད་གསལ་རྩེའི་འཐུས་མི་ ཨེམ་ཀེ་ཆེ་ཏི་རི་ དགེ་ལེགས་ཕུག་གི་འཐུས་མི་ གོ་པཱལ་གུ་རུང་ དེ་ལས་ གསར་སྤང་གཤོམ་སྤང་ཁའི་འཐུས་མི་ རིག་འཛིན་རྡོ་རྗེ་ཚུ་ཨིན་པས།

དེ་མ་ཚད་ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁའི་འཐུས་མི་ དཔལ་བཟང་དབང་ཕྱུག་དང་ སྤུ་ན་ཁ་ དཀར་སྦིས་རྟ་ལོག་གི་འཐུས་མི་ རྡོ་ཕུག་འབྲུག་པ་ སྤ་རོ་ རྡོ་སྒར་ཤ་པའི་འཐུས་མི་ སྐལ་བཟང་དབང་མོ་ དེ་ལས་ བུམ་ཐང་ ཆུ་སྨད་ཨུ་རའི་འཐུས་མི་ ཚེ་དབང་འགྱུར་མེད་ཚུ་ཡང་ སོར་ནིའི་ཐོ་ནང་ ཚུད་དེ་ཡོདཔ་ཨིན་པས།

ཚེ་དབང་འགྱུར་མེད་ཀྱིས་ སླབ་མིའི་ནང་ ཁོ་ར་ སོར་ནི་ཨིན་པའི་ལོ་རྒྱུས་ཚུ་ ག་ནི་ཡང་ མ་གོ་ཟེར་ཨིནམ་ད་ ཨིན་རུང་ སྐལ་བཟང་དབང་མོའི་ཐད་ཁར་ མོ་ར་ ཤེས་ཡོན་སྦྱང་ནིའི་དོན་ལུ་ འཐུས་མིའི་གྲས་ལས་ ཁས་བླངས་ཀྱི་ཐོག་ལས་ དགོངས་ཞུ་འབད་དོ་ཟེར་གོ་ཡི།

ལོ་རྒྱུས་དང་འཁྲིལ་བ་ཅིན་ ཚེ་དབང་འགྱུར་མེད་དེ་ ད་རེས་ ཕྱག་ཞུ་བའི་བསྒང་ཨིན་མི་ ཀྲོང་གསར་རྫོང་བདག་ བསོད་ནམས་རིན་ཆེན་དེ་ ཚབ་བཙུགས་ནི་ཨིན་རུང་ ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་ བསོད་ནམས་རྒྱ་མཚོ་གིས་འབད་བ་ཅིན་ འཐུས་མི་ཚབ་བཙུགས་ནིའི་སྐོར་ལས་ གྲོས་ཐག་ག་ནི་ཡང་ མ་བཅད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ད་ལྟོ་ འཐུས་མི་ག་དེམ་ཅིག་ སོར་ནི་ཨིན་ན་ སླབ་མི་ཤེས་ནི་ཨིནམ་ད་ ཟླཝ་འདི་གི་ ཟླཝ་ཕྱེད་དང་ ཡང་ཅིན་ ཟླཝ་མཇུག་བསྡུ་ཁམས་ཅིག་ཁར་ བློན་ཆེན་གྱིས་ གྲོས་ཐག་བཅད་འོང་ཟེར་ཨིན་པས།

ཡོངས་ཁྱབ་མདོ་ཆེན་གྱིས་ སླབ་མིའི་ནང་ མ་གཞི་ འཐུས་མི་ཚུ་གིས་ སྤྱི་ཚོགས་༣ པའི་བཙག་འཐུ་ནང་ བཅའ་མར་མི་གཏོགས་ཟེར་ སླབ་མི་ཐོན་ཡོད་པའི་ཁར་ ལཱ་ལེགས་ཤོམ་སྦེ་ འབད་མ་ཚུགས་པའི་ འཐུས་མི་ཚུ་སོར་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ བློན་ཆེན་གྱིས་ ལཱ་ལེགས་ཤོམ་མ་འབད་མི་ འཐུས་མི་ཚུ་ དྲན་གསོ་འབད་ཡོདཔ་ལས་ འཐུས་མི་ཚུ་ལུ་ མི་སེར་གྱི་རྒྱབ་སྐྱོར་མེད་པ་ཅིན་ སོརཔ་དགོཔ་འོང་ཟེར་ཨིནམ་ད་ འདེམས་ངོ་ཚུ་ འདེམས་ངོ་གདམ་འཐུ་ཚོགས་ཆུང་དང་ བཀོད་ཚོགས་ཀྱིས་ གདམ་འཐུ་འབད་བའི་ཤུལ་ལས་རྐྱངམ་གཅིག་ གྲོས་ཐག་བཅད་དོ་ཟེར་ཨིན་པས།

འཐུས་མི་ དཔལ་བཟང་དབང་ཕྱུག་གིས་འབད་བ་ཅིན་ ཁོ་ར་ ཁས་བླངས་ཀྱི་ཐོག་ལས་ དགོངས་ཞུ་འབད་ནིའི་སྐོར་ལས་ བློན་ཆེན་ལུ་ ཞུ་ཡི་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ འཐུས་མི་སྦེ་ཕྱག་ཞུ་བའི་རིང་ལུ་ ཁས་བླངས་ཚུ་ གྲུབ་ཡོདཔ་མ་ཚད་ རྒྱལ་ཁབ་ལུ་ ཕྱག་ཞུ་ནིའི་གོ་སྐབས་ཐོབ་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།

དེ་འབདཝ་ད་ འཐུས་མི་ཅིག་གིས་འབད་བ་ཅིན་ ཁོ་ར་ འདས་པའི་ལོ་༡༠ གྱི་རིང་ ལཱ་རྩ་འགེངས་ཏེ་ འབད་བའི་ཤུལ་ལས་ ཚོགས་པ་གིས་ སོར་གཏང་ནི་ཨིན་མི་དེ་ལུ་ སེམས་མ་དགའ་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ད་ཚུན་ ཁོ་གིས་ ཅི་ལྕོགས་གང་ལྕོགས་ཀྱི་ཐོག་ལས་ ཕྱག་ཞུ་བའི་ཤུལ་ལས་ སོར་ནི་ཨིན་ཟེརཝ་ད་ དྲང་བདེན་ཅིག་ མི་མཐོང་པས་ཟེར་ཨིན་པས།

འཐུས་མི་མང་ཤོས་ཅིག་ སོར་བ་ཅིན་ དེ་གིས་ ཚོགས་པ་ལུ་ ཐོ་ཕོག་ནིའི་ཉེན་ཁ་ཡོད་རུང་ ཚོགས་པའི་འགོ་ཁྲིདཔ་ཚུ་གིས་འབད་བ་ཅིན་ ཐོ་མི་ཕོག་ཟེར་ཨིནམ་ད་ ལ་ལོ་ཅིག་གིས་ བསམ་འཆར་བཀོད་ནི་ལས་ འཛེམ་ཡོདཔ་ཨིན་པས།

ལས་གཡོག་བློན་པོ་དེ་ ཕྱི་རྒྱལ་ལཱ་གཡོག་ལས་རིམ་ནང་ ངན་ལྷད་ནང་དོགས་པ་ཡོད་པའི་ གནད་དོན་ཐོག་ལུ་ དུས་ཅི་ སྤྱི་ཟླ་དང་པ་ལས་ ངལ་གསོ་ནང་ཡོདཔ་ད་ བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་གི་འཐུས་མི་ མིང་པོ་འབྲུག་པ་དང་ མོང་སྒར་གྱི་འཐུས་མི་ ཚོགས་དཔོན་འཇིགས་མེད་བཟང་པོ་༢ ལོ་ན་ལུ་བརྟེན་ ལོག་བཙག་འཐུ་ནང་ བཅའ་མར་གཏོགས་མི་ཚུགས་ནི་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ བསྟན་འཛིན་རྣམ་རྒྱལ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *