མི་སེར་ཉམ་ཆུང་ཚུ་གིས་ དཔེ་སྟོན་བཟང་པོ།

༉ སྤ་རོ་དང་ སྤུ་ན་ཁ་ལུང་གཤོང་ནང་གི་ སོ་ནམ་པ་ཚུ་གི་ འབྱ་ཞིང་ཚུ་ འདས་པའི་བདུན་ཕྲག་ནང་ ཆརཔ་མ་ཆད་པར་ རྐྱབ་མི་དེ་གིས་ གནོད་སྐྱོན་ཤུགས་སྦེ་ར་ རྐྱབ་ཡོདཔ་ཨིན་མས།

འབྱ་གི་ཐོན་སྐྱེད་དེ་ ཁོང་གི་དོན་ལུ་ འཚོ་བ་གཙོ་བོ་ཅིག་ཨིན་པའི་ཁར་ ཆུམ་བཙོང་སྟེ་འབད་རུང་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་དོ་ཡོདཔ་ལས་ འོང་འབབ་ཀྱི་དོན་ལུ་ཡང་ དེ་གིས་ ཕན་ཐོགས་དོ་ཡོདཔ་ལས་ འབྱ་ལཱ་ལུ་ བརྩོན་ཤུགས་བསྐྱེད་དེ་ ལཱ་འབདཝ་ཨིན་མས།

ཨིན་རུང་ ཆརཔ་གིས་གནོདཔ་བཀལ་ནི་དེ་གིས་ དུས་ཅི་གི་ལོ་ནང་ ཐོན་སྐྱེད་མར་འབབ་འགྱོ་ནི་ཨིན་པའི་ཁར་ སྤུས་ཚད་ལུ་ཡང་ གནོད་ཡོདཔ་ད་ དེ་བཟུམ་མའི་རྐྱེན་ངན་ཚུ་བྱུངམ་ད་ རྫོང་ཁག་གི་འགོ་དཔོན་ཚུ་གིས་ གནོད་པ་རྐྱབ་མི་ཚུ་ དབྱེ་ཞིབ་འབད་དེ་ སོ་ནམ་པ་ཚུ་གིས་ ཧེ་མ་འབད་བ་ཅིན་ གཞུང་ལས་རྒུད་འཐུས་ཀྱི་ ཞུ་བ་འབད་ནི་ཡོད་རུང་ དུས་ཅི་ སོ་ནམ་པ་ཚུ་གིས་ རྒུད་འཐུས་མི་ཞུ་ནི་སྦེ་ ཐག་བཅད་ཡོདཔ་ཨིན་མས།

བློན་ཆེན་གྱིས་ མི་དབང་མཆོག་གི་བཀའ་བཞིན་དུ་ དེ་འཕྲོ་ལས་ གནོད་པ་བྱུང་མི་ སོ་ནམ་པ་ཚུ་དང་ཕྱད་དེ་ མི་དབང་མཆོག་གིས་ རྒུད་འཐུས་གནང་ནི་ཨིན་པའི་སྐོར་ལས་གསུངསམ་ད་ སོ་ནམ་པ་ཚུ་གིས་ དེའི་ལན་ལུ་ དགའ་ཚོར་ཡོད་ལུགས་དང་བཅསཔ་སྦེ་ ད་ལྟོའི་དུས་ཚོད་དེ་ ནད་ཡམས་ཀྱི་ གནས་སྟངས་ནང་འབདཝ་ལས་ ཞུ་འདོད་མེད་ཟེར་ ཞུ་ཡོདཔ་ཨིན་མས།

མི་སེར་ཉམ་ཆུང་ཚུ་གིས་ ནད་ཡམས་སྐབས་ ཐོ་ཕོག་མི་དང་ དཀའ་ངལ་བྱུང་མི་ཚུ་གི་དོན་ལུ་ ཟད་འགྲོ་སྦེ་ མི་དབང་མཆོག་ གི་བང་མཛོད་དང་ གཞུང་གི་གསོག་འཇོག་ནང་ལས་ ཟད་འགྲོ་མང་ལྷིང་རྫོགསཔ་ཅིག་ གཏང་དགོཔ་བྱུངམ་ད་ གཞུང་ལུ་འབྱེམ་ཕོགཔ་ཨིནམ་ཧ་གོ་སྟེ་ ད་རུང་ ཁོང་ལུ་རྒུད་འཐུས་བྱིན་དགོ་པ་ཅིན་ མི་དབང་མཆོག་དང་ གཞུང་གི་བང་མཛོད་ལས་ར་ གཏང་དགོ་ཟེར་ཤེས་ནུག།

སོ་ནམ་པ་ཚུ་གིས་ རྒུད་འཐུས་དགོ་པས་ཟེར་མི་དེ་ཡང་ ཁོང་གི་གདམ་ཁ་མཇུག་སྦེ་ གོ་སྐབས་ལེནམ་ཨིན་རུང་ སྤ་རོའི་སོ་ནམ་པ་ཚུ་ལས་འགོ་བཙུགས་ དབང་འདུས་དང་ སྤུ་ན་ཁའི་ མི་སེར་ཚུ་གིས་ དེ་བཟུམ་མའི་ མནོ་བསམ་བཏང་ཐངས་དེ་གིས་ དཔེ་བཟང་པོ་སྟོནམ་ཨིན་མས།

ད་རེས་རྐྱངམ་གཅིག་མེན་པར་ ང་བཅས་རའི་ མི་སེར་ཚུ་གིས་ ནད་ཡམས་ཐོན་པའི་སྐབས་ སྒྲིག་གཡོག་ནང་སྡོད་མི་ཚུ་གི་དོན་ལུ་ཡང་ ཚོད་བསྲེ་ལས་འགོ་བཙུགས་ གྲོགས་རམ་འབད་མི་ཐོན་ཡོདཔ་ལས་ མི་སེར་ཉམ་ཆུང་ཨིན་རུང་ འབྲུག་མི་ཨིན་པའི་ གཤིས་ལུགས་ཀྱི་བྱ་སྤྱོད་བཟང་པོ་སྟོན་མི་ལུ་ ངལ་རངས་སྦོམ་བསྐྱེད་དགོཔ་འདུག།

རྒྱལ་པོའི་བང་མཛོད་དང་ གཞུང་གི་གསོག་འཇོག་ དེ་ལས་ དངུལ་འབྲེལ་གཙུག་སྡེ་ཚུ་གིས་ཡང་ དངུལ་ཀྲམ་ཐེར་འབུམ་ལས་ བཅད་དེ་ ནད་ཡམས་ཀྱི་སྐྱིད་སྡུག་དོན་ལུ་ ཟད་འགྲོ་བཏང་དགོ་མི་དེ་གིས་ མི་དབང་མཆོག་གི་ འཆར་གཞི་གལ་ཅན་ཚུ་གི་ཟད་འགྲོ་ལུ་ འབྱེམ་ཕོག་ཡོདཔ་ཨིན།

ཨིན་རུང་ མི་དབང་མཆོག་གིས་ འཆར་གཞི་ཚུ་བ་ལྷགཔ་སྦེ་ མི་སེར་གྱི་ སྐྱིད་སྡུག་དང་ཚེ་སྲོག་དེ་ ཁག་ཆེཝ་སྦེ་གཟིགས་ཏེ་ ཚེ་སྲོག་ལུ་ བར་ཆད་མེདཔ་སྦེ་ བཞག་ཐབས་དང་ དབུལ་ཕོངས་ཀྱི་གནས་སྟངས་ནང་མ་བཙུགས་པར་ བཞག་ཐབས་གཟིགས་ ཏེ་ མི་སྟོང་ཕྲག་ལས་བཅད་མི་ཚུ་ལུ་ དངུལ་དང་ བཟའ་འཐུང་གི་གྲོགས་རམ་ཚུ་ ག་དེ་དྲག་དྲག་ གནང་ཡོདཔ་ཨིན།

ལོ་ཐོག་གི་དོན་ལུ་ རྒུད་འཐུས་སྤྲོད་དགོ་པ་ཅིན་ གཞུང་ལུ་སྐུ་གྱོང་དེ་ཅིག་ར་ མི་འོང་ནི་ཨིན་རུང་ འཚོ་བ་སོ་ནམ་གྱི་ ཐོན་སྐྱེད་ ལུ་བརྟེན་སྡོད་མི་ སོ་ནམ་པ་ཚུ་ལུ་ ཕན་ཐོགས་སྦོམ་འབྱུང་ནི་ཨིན་རུང་ ཉམ་ཆུང་གི་སྒོ་ལས་ མི་ཞུ་ཟེར་ཞུ་ནུག།

སྐྱིད་སྡུག་ལས་རིམ་གྱིས་ སྐྱིད་སྡུག་ངེས་བདེན་ཕོག་མི་ཚུ་ལུ་ ཕན་ཐོགས་སྦོམ་བྱུང་ཡོདཔ་ཨིན་རུང་ སྐྱིད་སྡུག་གི་གོ་སྐབས་དེ་ མི་ཕྱུགཔོ་ཚུ་གིས་ཡང་ལེན་ཏེ་ ཁོང་གི་དོན་ལུ་ གསོག་འཇོག་འབད་ནི་དང་ རིན་ཐང་ཅན་གྱི་ སྣུམ་འཁོར་ཚུ་ཉོ་ནིའི་ གོ་སྐབས་ལེན་ཡོདཔ་ཨིན།

ཨིན་རུང་ ང་བཅས་རའི་ མི་སེར་ཉམ་ཆུང་ཚུ་གིས་ དཔེ་བཟང་པོ་སྟོན་མི་དེ་གིས་ འབྲུག་མི་ཚུ་ལུ་ བསླབ་སྟོན་ལེགས་ཤོམ་ བྱུང་ཡོདཔ་ལས་ ཕྱུགཔོ་ཚུ་གིས་ བསམ་ཤེས་འབད་དགོཔ་འདུག།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *