༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ཐེངས་༣ པ་འདི་ རང་མོས་དང་ རྣམ་དག་ཐོག་ལས་ འགོ་འདྲེན་འཐབ་པའི་སྐབས་ སྟབས་མ་བདེཝ་སྦོམ་ ག་ནི་ཡང་ མ་བྱུང་པར་ གྲུབ་འབྲས་གསལ་སྟོན་འབད་མི་དེ་གིས་ སོར་བསྒྱུར་དགོ་པའི་ བརྡ་མཚོན་སྟོན་ཡི།
དེ་ཡང་ ཚོགས་རྒྱན་སྐྱུར་མི་༡༦༩,༦༢༣ ལས་ མང་ཤོས་ཅིག་གིས་ར་ ད་ལྟོ་ གོ་གནས་ཐོག་ལུ་ཡོད་མི་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་ དབུགས་འགམ་བཅུག་ཡོད་མི་དེ་ཡང་ འགོ་ཐོག་སྐབས་ འཐུས་མི་༡༤ ལོག་བཙག་འཐུའི་དོན་ལུ་ འདེམས་ངོ་སྦེ་ཐོནམ་ད་༢ རྒེད་འོག་གནས་རིམ་གྱི་ གདམ་ངོ་འཛོམས་འདུ་ནང་ལས་ གདམ་འཐུ་མ་འབད་བའི་ཁར་ ཁ་ཙ་ ཚོགས་རྒྱན་གྱི་ཉིན་མར་ འཐུས་མི་༡༢ ལས་༥ རྐྱངམ་གཅིག་ ལོག་བཙག་འཐུ་གྲུབ་ཅི།
ཁོང་གིས་ རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ལུ་ ཁྲིམས་བཟོ་ནང་ ཉམས་མྱོང་ཡོད་པའི་སྐོར་ སྐུལ་བསྒྲགས་འབད་མི་དེ་གིས་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ ཡིད་ཆེས་འདྲོངས་མ་ཚུགས་པའི་ བརྡ་མཚོན་སྟོན་ཡི། ད་རུང་ འདེམས་ངོ་ཚུ་ ཐད་རི་བ་རི་ རྒྱལ་ཁ་འཐོབ་ནི་གི་ རེ་བ་ཡོད་མི་ཚུ་ཡང་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ རྒྱབ་སྐྱོར་མ་འབད་བར་ དཔྱད་རིག་མེད་པའི་ འདེམས་ངོ་ཚུ་ལུ་ གོ་སྐབས་བྱིན་ཐོག་ལས་ རྣམ་རྟོག་ལང་བཅུག་ནུག།
ཁ་ཙའི་གྲུབ་འབྲས་ཚུ་ལུ་ བལྟ་བ་ཅིན་ མི་སེར་ཚུ་གིས་ སོར་བསྒྱུར་ལུ་དམིགས་ཏེ་ གདམ་ཁ་རྐྱབ་དོ་བཟུམ་ཡོདཔ་ད་ ག་འཆརཔ་ཟེར་བ་ཅིན་ མི་སེར་ཚུ་གིས་ འཐུས་མི་བགྲེསཔ་ཚུ་གིས་ རྒྱལ་ཡོངས་ཚོགས་སྡེའི་ནང་ ཕྱག་ཞུ་བའི་སྐབས་ ཁོང་གི་ལྕོགས་གྲུབ་དང་ འཇོན་ཐངས་ཚུ་གི་སྐོར་ བརྟག་དཔྱད་འབད་ནི་གི་ གོ་སྐབས་ཐོབ་མི་ལུ་བརྟེན་ འོང་ནི་ཨིན་མས།
དེ་གི་ནང་དོན་ཉིད་ལས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་གི་ འགའ་འཁྲི་ངོ་མ་ར་ ཁྲིམས་དང་སྲིད་བྱུས་ལ་སོགས་པ་ བསྐྱར་ཞིབ་འབད་ནི་རྐྱངམ་གཅིག་ཨིནམ་ལས་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ཡང་ འཐུས་མི་གཅིག་ལུ་ར་མེན་པར་ གོ་སྐབས་གཞན་བྱིན་ནི་གི་ གདམ་ཁ་རྐྱབ་མི་དེ་ གནད་དོན་དེ་ལུ་བརྟེན་ འོང་ནི་མས།
འབྲུག་མི་ཚུ་ སྤྱི་ཚོགས་ཀྱི་ བཙག་འཐུ་ལན་ཐེངས་གསུམ་ནང་ གྲལ་གཏོགས་འབད་བའི་ ཉམས་མྱོང་ཐོབ་མི་ལུ་བརྟེན་ འདེམས་ངོ་ག་ལུ་ ཚོགས་རྒྱན་བཙུགས་པ་ཅིན་ དྲག་ནི་ཨིན་ན་ ཤེས་རྟོགས་བྱུང་ཡོདཔ་ད་ ཐིམ་ཕུག་ལུ་ ཚོགས་རྒྱན་ས་ཁོངས་ཅིག་ནང་ གོ་ཤེས་ཉན་ཤེས་༢ འདེམས་ངོ་ཚུ་གི་སྐོར་ལས་ ལོ་རྒྱུས་སླབ་སར་གོཝ་བཞིན་དུ་ གོ་གནས་ཐོག་ཡོད་མི་ འཐུས་མི་དེ་ བཙག་འཐུ་གྲུབ་ནི་ཕར་བཞག་ ཚོགས་རྒྱན་ཡང་ གཞན་ཚུ་དང་ཕྱདཔ་ད་ ལེ་ཤ་གིས་ ཉུངམ་སྦེ་ཐོབ་ནུག།
ད་རུང་ ད་རིས་ཀྱི་ རྒྱལ་ཡོངས་ཚོགས་སྡེའི་ནང་ སོར་བསྒྱུར་སྦོམ་ཅིག་ འདེམས་ངོ་ཨམ་སྲུ་༦ ལས་༢ བཙག་འཐུ་གྲུབ་མི་དེ་ཨིནམ་ད་ འདས་པའི་བཙག་འཐུ་ནང་ ཨམ་སྲུ་ཕུད་རྡོག་གཅིག་ཡང་ བཙག་འཐུ་མ་གྲུབ་མི་དང་ཕྱདཔ་ད་ ད་རིས་བརྒྱ་ཆ་༢༠༠ ཡར་འཕར་སོང་ཡི། འདེམས་ངོ་ཨམ་སྲུ་གཞན་༤ བཙག་འཐུ་གྲུབ་མ་ཚུགས་རུང་ དོ་འགྲན་སྒྲིང་སྒྲི་འབད་ཡོདཔ་ལས་ ཡིད་ཆེས་ངལ་རངས་ བསྐྱེད་དགོཔ་འདུག།
དུས་ཅི་ལས་ རྒྱལ་ཁབ་ནང་འཁོད་ལུ་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ གཞི་བཙུགས་འབད་མི་དེ་གིས་ཡང་ ཁྱད་པར་བཟོ་ནི་ལུ་ ལྷན་ཐབས་བྱུང་ཡོདཔ་ད་ མཐུན་རྐྱེན་དེ་གིས་ འདས་པའི་ཚོགས་སྡེའི་ བཙག་འཐུ་ལས་ ཚོགས་རྒྱན་སྐྱུར་མིའི་གྱངས་ཁ་ བརྒྱ་ཆ་༥༦ ལྷགཔ་ཅིག་ ཡར་སེང་སོང་ནུག།
དེ་མ་ཚད་ མཐུན་རྐྱེན་ལུ་བརྟེན་ བཙག་འཐུ་གྲུབ་མི་དང་ མ་གྲུབ་མི་ འདེམས་ངོ་ལ་ལོ་ཅིག་ལུ་ ཁྱད་པར་བཟོ་ཡོདཔ་ལས་ དུས་ཅིའི་ལོ་མཇུག་ཁམས་ལུ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཚུ་ནང་ཡང་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ཚུ་གི་ གོ་སྐབས་བྱིན་པ་ཅིན་ བཙག་འཐུའི་ནང་ ཁྱད་པར་སྦོམ་ བཟོ་ཚུགས་ནི་མས།
ཁ་ཙ་ མི་སེར་ཚུ་གིས་ བཙག་འཐུ་འབད་མི་ འཐུས་མི་༢༠ སྐྱེས་ལོ་༤༠ ཞེ་གྲངས་ནང་ཨིནམ་ད་ འཐུས་མི་རྒན་ཤོས་དེ་ སྐྱེས་ལོ་༥༤ ལང་མི་དང་ གཞན་ཤོས་དེ་ སྐྱེས་ལོ་༣༡ ལང་ཡོདཔ་ད་ ཁོང་ཆ་ཁྱབ་ རྒྱབ་ཁུངས་དང་ ཉམས་མྱོང་ཚུ་ཡང་ གནད་དོན་སོ་སོའི་ནང་ལས་ཨིན་མི་དེ་ཡང་ སློབ་དཔོན་དང་ ཚོང་ལས་འཐབ་མི་ འཆར་གཞི་རྩམ་མི་ ཁྲིམས་རྩོདཔ་ དེ་ལས་ འཁྲབ་རྩེདམོ་ཅིག་དང་ བརྡ་བརྒྱུདཔ་ཅིག་ཡང་ཡོདཔ་ཨིན།
མི་སེར་ཚུ་གིས་ བཙག་འཐུ་གྲུབ་མི་ཚུ་ལུ་ དུས་ཡུན་ལོ་ངོ་༥ གི་དོན་ལས་ བློ་གཏདཔ་བཞིན་དུ་ ཁོང་གིས་ རྒྱལ་ཁབ་དང་ མི་སེར་ལུ་ ག་དེ་སྦེ་ ཕྱག་ཞུ་ཡོདཔ་ཨིན་ན་ ལོ་༥ གི་རྒྱབ་ལས་རྐྱངམ་གཅིག་ ཤེས་རྟོགས་འབྱུང་ཚུགས།