མི་སེར་གྱི་ རྒྱལཔོ་མཆོག་ལུ་ འབངས་མི་སེར་ལས་གུས་བཏུད།

༉ ད་རིས་ འབྲུག་རྒྱལ་ཁབ་ཀྱི་དོན་ལུ་ ག་ནི་བ་ གལ་ཆེ་བའི་ དུས་སྟོན་ཁྱད་པར་ཅན་ཅིག་ཨིན་མི་དེ་ཡང་ ང་བཅས་རའི་ སྤྱི་གཙུག་གི་ཉི་ཟླ་ མི་སེར་གྱི་རྒྱལཔོ་མཆོག་ གཞུང་འབྲེལ་ཐོག་ལས་ གསེར་ཁྲི་མངའ་གསོལ་མཛད་དེ་ ལོ་ངོ་བཅུ་ཕྲག་འཁོར་བའི་ དུས་སྟོན་རྩ་ཅན་ཨིནམ་མ་ཚད་ འབྲུག་པའི་མི་སེར་ཡོངས་ཀྱིས་ མི་དབང་མཆོག་ སྐུ་ཚུ་ཞབས་པད་བརྟན་ མཛད་པ་འཕྲིན་ལས་དར་ཞིང་རྒྱས་པའི་ སྨོན་འདེབས་ཞུ་ནི་གི་ དུས་བསྐལ་བཟང་པོ་ཅིག་ཡང་ཨིན།
མི་དབང་མངའ་ཞབས་མཆོག་ གསེར་ཁྲིར་ཕེབས་ཞིནམ་ལས་ཚུར་ མངོན་གསལ་ཆེ་བའི་ མཛད་བྱ་ཚུ་གི་གྲས་ལས་ རྒྱལ་ཁབ་ཀྱི་ གཞུང་ལུགས་འདི་ དམངས་གཙོའི་རྩ་ཁྲིམས་ཅན་གྱི་ རྒྱལ་པོའི་གཞུང་ལུ་ མཐར་འཁྱོལ་ཅན་དང་ རྒྱལ་རབས་ཅན་སྦེ་ སོར་བསྒྱུར་ཐོག་ མི་སེར་ལུ་ གཞུང་བཙག་འཐུ་འབད་ནི་གི་ དབང་ཚད་གནང་མི་དེ་ཨིན།
ད་རིས་ ག་ནི་བ་ རྩ་ཆེ་བའི་ དུས་སྟོན་ཁྱད་པར་ཅན་ བརྩི་སྲུང་ཞུཝ་དང་འབྲེལ་ འབྲུག་ཡུལ་གྱི་དོན་ལུ་ སྲོག་ཤིང་ཨིན་མི་ མི་དབང་མངའ་བདག་རྒྱལ་པོ་མཆོག་གི་ ཐུགས་རིག་རྣམ་པར་བཀྲ་བའི་ དབུ་ཁྲིད་བཟང་པོ་དང་ རང་དོན་ལུ་ གཟིགས་པ་མེད་པར་ རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ཁོ་ན་ལུ་ ཐུགས་བརྩོན་ཐོག་ ཕྱག་ལཱ་མཛད་གནང་པའི་ གུས་བཏུད་ཞུ་ནི་གི་ ཉིནམ་རྩ་ཅན་ཅིག་ཡང་ཨིན།
ག་འཆརཔ་ཟེར་བ་ཅིན་ མི་དབང་མཆོག་ སྤྱི་ལོ་༢༠༠༦ ཟླ་༡༢ པའི་ཚེས་༩ ལུ་ འབྲུག་རྒྱལ་པོའི་ཕྱག་འགན་བཞེས་གནང་ནི་ འགོ་བཙུགས་ཞིནམ་ལས་ཚུར་ ཐུགས་ཀྱི་མཁྱེན་རྒྱ་ནམ་མཁའ་བཟུམ་ རྒྱ་ཆེ་ཞིང་ཡངས་པ་ལས་ ཐབས་མཁས་ཀྱི་ ཉི་མའི་ལས་འགུལ་སྣ་ཚོགས་གསར་གཏོད་ཀྱི་འོད་ཟེར་ འབུམ་ཕྲག་བཀྱེས་ཏེ་ མི་སེར་ཉམ་ཆུང་ཚུ་ལུ་ ས་ཆའི་སྐྱིད་སྡུག་དང་ ནདཔ་ཚུ་ལུ་ སྨན་བཅོས་ཀྱི་རྒྱབ་སྐྱོར་ ཨ་ལོ་ཉམ་ཆུང་ཚུ་ལུ་ སློབ་གཉེར་གྱི་ རྒྱབ་སྐྱོར་གནང་ཐོག་ལས་ འབྲུག་མི་ཡོངས་ཀྱི་ རེ་བའི་མེ་ཏོག་གི་པདྨའི་ཚལ་ ཡོངས་སུ་བཞད་པར་མཛད་དེ་ རྒྱལ་ཁབ་དང་ མི་སེར་ཚུ་ གང་ལ་གང་འཚམས་ཀྱི་ ཐབས་མཁས་ཀྱིས་ བསྐྱངས་གནང་མི་ ཆོས་ཀྱི་རྒྱལ་པོའམ་ བྱང་སེམས་རྒྱལ་པོ་ མི་སེར་རྒྱལ་པོ་ཞེས་ ས་འཁོན་ཡོངས་ལུ་གྲགས་པའི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཁྱད་དུ་འཕགས་པའི་ མཛད་རྣམ་ཚུ་ རྗེས་དྲན་དང་བཅས་ གུས་བཏུད་ཞུ་ནི་གི་ ཉིནམ་བཟང་པོ་ཅིག་ཨིན།
ད་རུང་ རྒྱལ་ཁབ་ཀྱི་ ས་གནས་ག་ཏེ་ར་ཨིན་རུང་ འབྱུང་བ་བཞིའི་རྐྱེན་ངན་བྱུང་སྟེ་ ཉམས་རྒུདཔ་མི་སེར་ཚུ་ མཐའ་རྡུག་གི་ གནས་སྟངས་ནང་སྡོད་པའི་ ནམ་དུས་ལུ་ མི་དབང་མཆོག་གིས་ སྐུ་སྲོག་ཡང་ བློས་བཏང་སྟེ་ རྐྱེན་ངན་བྱུང་སར་ གཟིགས་ཞིབ་གནངམ་བཞིན་དུ་ ཉམས་རྒུདཔ་ཚུ་ལུ་ སྐྱིད་སྡུག་མ་བཏུབ་བཏུབ་སྦེ་ གནང་མི་དེ་གིས་ མི་ཚེ་བསྐྱར་གསོ་འབད་ནི་ལུ་ ཕན་ཁྱད་སྦོམ་བྱུང་སྟེ་ཡོད།
འདས་པའི་ལོ་ངོ་བཅུ་ཕྲག་གི་རིང་ལུ་ མི་དབང་མངའ་ཞབས་མཆོག་གིས་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་འདི་ནང་ ཡར་རྒྱས་ཀྱི་ གོམ་པ་མདུན་སྐྱོད་དང་ དཔལ་འབྱོར་ཡར་སྐྱེད་ སྲིད་འཆར་ལེགས་བསྒྱུར་གྱི་ ལམ་ཕྱོགས་ལུ་ ཞུགས་གནང་མི་གིས་མ་དོ་བར་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་སྒྲིང་སྒྲི་བཟོ་གནང་ཡོདཔ་མ་ཚད་ དུས་རྒྱུན་དུ་ འབངས་མི་སེར་དང་ མཇལ་ཕྲད་གནང་ རྒྱལ་ཁབ་ཀྱི་ མཐའ་ཟུར་ས་གནས་ཚུ་ནང་ ཞབས་སྟོང་སྦེ་ ཆིབས་སྐྱོད་གནང་ཐོག་ལས་ དཀའ་ངལ་བྱུང་མི་དང་ མི་སེར་ཉམ་ཆུང་ཚུ་ལུ་ སྐྱིད་སྡུག་གནང་མི་ལུ་བརྟེན་ མི་སེར་ཚུ་གིས་ མི་དབང་མཆོག་ལུ་ མི་སེར་གྱི་རྒྱལཔོ་དང་ བྱང་སེམས་ཅན་གྱི་ རྒྱལཔོ་སྦེ་ཞུཝ་ཨིན།
དམངས་གཙོའི་རྩ་ཁྲིམས་ཅན་གྱི་ རྒྱལ་པོའི་གཞུང་ལུ་ ཚུལ་ལྡན་ཐོག་ སོར་བསྒྱུར་གནང་ཡོདཔ་མ་ཚད་ ད་ཚུན་གྱི་བར་ན་ སྤྱིར་བཏང་བཙག་འཐུ་ལན་ཐེངས་༣ མཐར་འཁྱོལ་ཅན་སྦེ་ འགོ་འདྲེན་འཐབ་ཚུགས་མི་དང་བསྟུན་ འབྲུག་གི་དམངས་གཙོའི་རིང་ལུགས་ཀྱི་ གཞི་འགྱམ་དེ་ཡང་ ར་སྒྲིང་སྒྲི་བཏགས་དོ་ཡོདཔ་མ་ཚད་ མ་འོངས་གནས་སྟངས་དེ་ཡང་ བློ་བདེ་ཏོག་ཏོ་ཅིག་ལུ་འགྱུར་བའི་ མངོན་གསལ་བྱུངམ་མས།
ང་བཅས་ཆ་ཁྱབ་ ལེགས་ལམ་ལུ་ ཞུགས་མི་དེ་ཡང་ མི་དབང་མངའ་ཞབས་མཆོག་གི་ དབུ་ཁྲིད་དང་ ལམ་སྟོན་བཟང་པོ་ལུ་བརྟེན་ཨིནམ་ལས་ འབངས་མི་སེར་ཡོངས་ཀྱིས་ འབྲུག་མངའ་བདག་རྒྱལཔོ་མཆོག་ལུ་ ཧིང་དྭངས་མའི་ དཀྱིལ་ལས་ར་ བཀའ་དྲིན་དགའ་ཚོར་ཞུཝ་དང་གཅིག་ཁར་ མི་དབང་མཆོག་ སྐུ་ཁམས་བཟང་ཞིང་ སྐུ་ཚེ་ཉི་ཟླ་དང་མཉམ་ བཞུགས་ནི་གི་ སྨོན་འདེབས་ཕུལཝ་ཨིན།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *