༉ ད་ལྟོའི་གནས་སྟངས་ལུ་བལྟ་བ་ཅིན་ ཐིམ་ཕུག་ནང་འཁོད་ཀྱི་ ཁྲོམ་ལམ་ཚུ་བདའ་སྟེ་ སྣུམ་འཁོར་མ་ཤོང་པའི་ དཀའ་ངལ་བྱུང་མི་དེ་ གཙོ་བོ་ར་ ཉིན་བསྟར་བཞིན་དུ་ ཚད་འཛིན་མེད་པའི་ སྣུམ་འཁོར་གྱི་གྱངས་ཁ་ ཡར་སེང་འགྱོ་མི་ལུ་བརྟེན་ཨིན་མས།
ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ ཐོ་བཀོད་དང་འཁྲིལཝ་ད་ ད་ལྟོ་ སྣུམ་འཁོར་༡༠༠,༠༠༠ དེ་ཅིག་ཡོད་མི་དེ་ མི་འབོར་ཡར་འཕེལ་དང་ འོང་འབབ་དང་བསྟུན་ ལྷག་པར་དུ་ ཡར་འཕར་འགྱོ་ནི་ཨིནམ་ལས་ ཁྲོམ་སྡེ་ཆེ་བ་ཚུ་ནང་ སྣུམ་འཁོར་བཞག་སའི་ས་ཁོངས་ མ་ལང་པའི་དཀའ་ངལ་དེ་ཡང་ རང་བཞིན་གྱིས་ འཐོན་ནི་ཨིན་མས།
དེ་འབདཝ་ལས་ ཁྲོམ་སྡེའི་དབང་འཛིན་ཚུ་གིས་ སྣུམ་འཁོར་མ་ཤོང་པའི་ དཀའ་ངལ་ཡར་འཕར་འགྱོ་མི་དེ་ལུ་ གདོང་ལེན་འབད་ནི་དང་ ཐབས་ལམ་བཏོན་ནིའི་དུས་ཚོད་ ན་འཐན་རན་ནུག།
སྣུམ་འཁོར་ནང་འདྲེན་བཀག་ཆ་འབད་ནི་དང་ ས་སྣུམ་གྱི་གོང་ཚད་ ཡར་སེང་འབད་ནི་དེ་ སྣུམ་འཁོར་མ་ཤོང་པའི་དཀའ་ངལ་ སེལ་ཐབས་འབད་ནིའི་ ཐབས་ལམ་ལེགས་ལྡན་ཅིག་ཨིན་པའི་ ངོས་ལེན་འབད་མ་ཚུགསཔ་ལས་ ང་བཅས་ར་ འོས་ལྡན་ཐབས་རིག་ཚུ་ བཏོན་དགོཔ་འདུག།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ རྒྱལ་ཁབ་ནང་ ཕན་ནུས་ཅན་གྱི་ མི་མང་སྐྱེལ་འདྲེན་ལམ་ལུགས་ཅིག་ ངེས་པར་དུ་ དགོཔ་སྦེ་ཐོན་ཡོད་མི་དེ་ཡང་ སྣུམ་འཁོར་མ་ཤོང་པའི་ དཀའ་ངལ་སེལ་ཐབས་འབད་དགོ་པ་ཅིན་ མི་མང་སྐྱེལ་འདྲེན་ལམ་ལུགས་ ལེགས་བཅོས་འབད་ནི་ལུ་ གཙོ་རིམ་བཟུང་ནི་དེ་ ལྷག་པར་དུ་གལ་ཆེ།
འཛམ་གླིང་རྒྱལ་ཁབ་ཚུ་ནང་འབད་བ་ཅིན་ ཡར་རྒྱས་ཀྱི་གནད་དོན་ནང་ གཅིག་ མི་མང་སྐྱེལ་འདྲེན་ཨིནམ་ལས་ ཁྲོམ་སྦོམ་ཚུ་ནང་ ལག་ལེན་འཐབ་མི་ མི་མང་སྐྱེལ་འདྲེན་བཱསི་ཚུ་ སྟབས་བདེ་ཏོག་ཏོ་དང་ ཕན་ཐོགས་ཅན་ དེ་ལས་ གླ་ཆ་ཁེ་ཏོག་ཏོ་སྦེ་ བཟོཝ་ཨིན་མས།
མ་འོངས་པ་ལུ་ ཁྲོམ་སྡེ་ཚུ་ནང་ སྣུམ་འཁོར་མ་ཤོང་པའི་བསྒང་ལས་ མི་མང་སྐྱེལ་འདྲེན་གྱི་ གཞི་རྟེན་མཐུན་རྐྱེན་ཚུ་ བཟོ་སྐྲུན་འབད་ནི་དེ་ཡང་ ཟད་འགྲོ་ལྕི་དྲགས་སྦེ་ གནས་ནི་ཨིནམ་ལས་ ད་ལྟོ་ལས་ར་ ལེགས་བསྒྱུར་གྱི་གོམ་པ་ འགྲོས་ཀྱིས་སྦེ་ མདུན་དུ་མ་སྤོ་པ་ཅིན་ ཤུལ་ལས་ གདོང་ལེན་འབད་ནི་ལུ་ ལཱ་ཁག་རྐྱབ་འོང་།
གལ་སྲིད་ ང་བཅས་ཀྱིས་ མི་མང་སྐྱེལ་འདྲེན་ལམ་ལུགས་ཚུ་ ཕན་ཐོགས་ཅན་སྦེ་ བཟོ་ཚུགས་པ་ཅིན་ ལག་ལེན་འཐབ་མིའི་ཐད་ཁར་ རང་བཞིན་གྱིས་ ལོ་གཅིག་བ་ལོ་གཅིག་ ཡར་སེང་འགྱོ་ཚུགས་པའི་ མངོན་གསལ་བྱུངམ་ཨིན་མས།
སྤྱིར་བཏང་མི་མང་གིས་ མི་མང་སྐྱེལ་འདྲེན་ཞབས་ཏོག་ ལག་ལེན་འཐབ་བཅུག་ནིའི་ རྒྱུད་སྐུལ་དོན་ལུ་ ཁྲོམ་གྱི་ས་ཁོངས་ནང་འཁོད་ལུ་ སྣུམ་འཁོར་གྱི་བཞག་འཐུས་ ཡར་སེང་འབད་ནི་དང་ ཡང་ཅིན་ སྣུམ་འཁོར་བཞག་སའི་ ས་ཁོངས་ཚུ་ ཉུང་སུ་ཅིག་སྦེ་ བཟོ་ནི་གི་ ཐབས་ལམ་ཚུ་བཏོན་པ་ཅིན་ ཕན་ཁྱད་ཆེ་ནི་ཨིན་མས།
ཐབས་ལམ་གཅིག་ མི་མང་སྐྱེལ་འདྲེན་ལམ་ལུགས་ ལེགས་ལྡན་དང་ ཕན་ཐོགས་ཅན་སྦེ་ ལག་ལེན་འཐབ་ཚུགས་པ་ཅིན་ དེ་གིས་ སྣུམ་འཁོར་ནང་འདྲེན་དང་ ས་སྣུམ་ནང་འདྲེན་འབད་ནི་དེ་ཡང་ ལེ་ཤ་གིས་ མར་ཕབ་འབད་ཚུགས།
མི་མང་སྐྱེལ་འདྲེན་བཱསི་ཚུ་ ཁམས་ཧིང་སངས་ས་དང་ སྡོད་ངོ་བདེ་ཏོག་ཏོ་ ཡུན་བརྟན་ཅན་ དེ་ལས་ གླ་ཆ་རན་ཏོག་ཏོ་སྦེ་ བཟོ་ཚུགས་པ་ཅིན་ སློབ་ཕྲུག་ཚུ་དང་ འོང་འབབ་ཆུང་རིམ་ནང་འབད་མི་ སྡེ་ཚན་ཚུ་གིས་མ་ཚད་ སྲིད་དོན་པ་དང་ ཞི་གཡོགཔ་ དེ་ལས་ ཚོང་ལཱ་འབད་མི་ཚུ་གིས་ཡང་ ཞབས་ཏོག་སྤྱོད་ནི་ལུ་ གདམ་ཁ་རྐྱབ་ནི་ཨིནམ་ལས་ དེ་གིས་ མཐའན་མཇུག་ཁར་ མི་མང་སྐྱེལ་འདྲེན་ཞབས་ཏོག་ལུ་བརྟེན་ ཁྲོམ་ཁར་ སྣུམ་འཁོར་མ་ཤོང་པའི་དཀའ་ངལ་ སེལ་ཐབས་འབད་མ་ཚུགས་པའི་ དཔེ་མི་སྲིད།