མི་མང་ལས་ རྒྱབ་སྐྱོར་དགོ་པ་ཅིན་ གསང་བྱ་ལུ་ གཙོ་རིམ་བཟུང་དགོཔ།

༉ འབྲུག་འདི་ རྒྱལ་ཁབ་ཆུང་ཀུ་ཅིག་ཨིནམ་མ་ཚད་ མི་རློབས་ཡང་ འབུམ་༧ དེ་ཅིག་ལས་བརྒལ་མེད་རུང་ ཁྲོམ་སྡེ་སྦོམ་ཚུ་ནང་ བྱ་ངན་དང་ ཁྲིམས་འགལ་གྱི་ ལཱ་བྱ་འཐབ་མི་ ལོ་བསྟར་བཞིན་དུ་ མང་སུ་ཐོན་དོ་ཡོདཔ་ལས་ ཁྲིམས་བདག་འཛིན་འཐབ་མི་ཚུ་ལུ་ གདོང་ལེན་ཅན་ཅིག་ལུ་ གྱུར་ཏེ་འདུག།
འདི་བཟུམ་མའི་ གདོང་ལེན་བྱུང་པའི་ ནམ་དུས་ལུ་ འདས་པའི་བདུན་མཐའ་ནང་ འབྲུག་གི་ཁྲིམས་སྲུང་འགག་སྡེ་གིས་ ཕུན་ཚོགས་གླིང་ལུ་ མི་སྡེ་དང་འབྲེལ་བའི་ དཀའ་ངལ་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་བའི་སྐབས་ ཁྲིམས་སྲུང་འགག་པ་དང་ མི་མང་གི་བར་ན་ མཉམ་འབྲེལ་དང་ ལྷན་ཐབས་ག་དེ་སྦེ་ འབད་ནི་ཨིན་ནའི་སྐོར་ གསུང་གྲོས་གནང་མི་དེ་ ལེགས་ཤོམ་ཅིག་ཨིན་མས།
གྲོས་བསྡུར་གྱི་སྐབས་ ད་རེས་ནངས་པར་ མི་སྡེ་ལུ་བྱུང་མི་ དཀའ་ངལ་སྦོམ་ཤོས་ར་ སྨྱོ་རྫས་སྤྱོད་མི་དང་ ནག་ཚོང་འཐབ་མི་དེ་ཨིནམ་ལས་ རྒྱལ་ཁབ་ནང་འཁོད་ཀྱི་ དོ་དམ་ཁང་ཚུ་ནང་ མ་ཤོང་པའི་ གདོང་ལེན་སྦོམ་ བྱུང་སྟེ་ཡོད་མི་དེ་ཨིན་མས།
མ་གཞི་ རྒྱལ་ཁབ་ནང་འཁོད་ལུ་ ཉེས་འགེལ་དང་ བྱ་ངན་ཚུ་ མར་ཕབ་འབད་ནི་ལུ་དམིགས་ཏེ་ ཁྲིམས་སྲུང་འགག་སྡེའི་ ཁ་ཐུག་ལས་ ཐབས་ལམ་སྣ་ཚོགས་ བཏོན་ཡོད་མིའི་གྲས་ལས་ ན་གཞོན་དང་ ཁྲིམས་སྲུང་འགག་པའི་མཉམ་འབྲེལ་དང་ མི་སྡེ་དང་འབྲེལ་བའི་ ཁྲིམས་སྲུང་ལས་རིམ་ཚུ་ གཞི་བཙུགས་འབད་དེ་ཡོད་རུང་ ལས་རིམ་དེ་ཚུ་གིས་ དམིགས་བསལ་དུ་ སྨྱོ་རྫས་དང་འབྲེལ་བའི་ ཚུལ་མིན་འཐབ་མི་ཚུ་ མར་ཕབ་འབད་ནིའི་ནང་ ལྷན་ཐབས་སྦོམ་ཅིག་ བྱུང་མ་ཚུགས་པས།
དེ་འབདཝ་ལས་ ཕུན་ཚོགས་གླིང་གི་ གྲོས་འཛོམས་ནང་ བཅའ་མར་གཏོགས་མི་ཚུ་གིས་ ཁྲིམས་སྲུང་འགག་སྡེའི་ ཞིབ་དཔྱད་སྒོ་ར་ཚུ་ནང་ སྨྱོ་རྫས་བརྟག་ཞིབ་འཕྲུལ་ཆས་ གཞི་བཙུགས་འབད་དགོ་པའི་ གྲོས་འདེབས་བཀོད་ཡོདཔ་ད་ ད་རེས་ནངས་པར་ བྱ་ངན་འབད་མི་དང་ སྨྱོ་རྫས་ནག་ཚོང་འཐབ་མི་ མང་ཤོས་ར་ གསང་བའི་སྙན་ཞུ་ཐོབ་མི་དང་འཁྲིལ་ འཛིན་བཟུང་འབདཝ་མས་ཟེར་ཨིན་མས།
འདི་འབདཝ་ད་ སྙན་ཞུ་འབད་མི་ཚུ་ལུ་ཐོབ་མི་ ཉམས་མྱོང་དང་འཁྲིལ་བ་ཅིན་ སྙན་ཞུ་འབད་མི་ ག་ཨིན་རུང་ གསང་བའི་ཐོག་ལས་ བཞག་དགོཔ་ཨིན་རུང་ ངག་བརྗོད་ལེན་ནིའི་དོན་ལུ་ འབྲེལ་ཡོད་འགག་སྡེའི་ ཡིག་ཚང་ནང་ འབོ་བའི་སྐབས་ དོ་དམ་འོག་ལུ་ཡོད་མི་ དོགས་ཅན་ཚུ་གིས་ སྙན་ཞུ་འབད་མི་དེ་ ངོས་འཛིན་འབད་ནི་གི་ འོས་འབབ་ཡོདཔ་ལས དེ་གིས་ སྙན་ཞུ་འབད་མི་ མི་འཐོན་ནིའི་ ཉེན་ཁ་འདུག་ཟེར་ཨིན་མས།
གནད་དོན་དེ་ལུ་བརྟེན་ མི་ཚུ་གིས་ གསང་བའི་སྙན་ཞུ་འབད་ནི་གི་ མནོ་བསམ་ཡོད་རུང་ ཤུལ་ལས་ འགག་སྡེའི་ཡིག་ཚང་ནང་ འགྱོ་དགོ་པའི་ དཀའ་ངལ་དང་ བྱ་རིམ་ལེ་ཤ་ཅིག་ནང་ འབྲེལ་གཏོགས་འབད་དགོཔ་ལས་ ལཱ་ལྟོ་ཆག་ནི་དེ་གིས་ སྙན་ཞུ་མ་འབད་བར་ རྒྱབ་བཤུད་རྐྱབ་སྟེ་ སྡོདཔ་ཨིན་མས།
ཕུན་ཚོགས་གླིང་བཟུམ་ཅིག་ནང་འབད་བ་ཅིན་ སྤྱི་ལོ་༢༠༡༤ ལུ་ བྱ་ངན་༡༠༡ ཐོ་བཀོད་འབད་མི་དེ་ སྤྱི་ལོ་༢༠༡༥ ལུ་༩༠ ལུ་ མར་བབས་སོང་ཡོད་རུང་ སྤྱི་ལོ་༢༠༡༦ ལུ་ ཉེས་ལས་༡༨༩ ལུ་ ཡར་སེང་སོང་པའི་ཁར་ དུས་ཅི་ སྤྱི་ཟླ་༨ པ་ཚུན་ ཉེས་ལས་འཐབ་མི་༡༣༢ ཐོ་བཀོད་འབད་ཡོདཔ་ལས་ ཚ་གྱང་ལང་དགོཔ་ཅིག་ཨིན་མས།
ཁྲིམས་སྲུང་འགག་སྡེ་གིས་ ཁྲིམས་འགལ་འབད་མི་ཚུ་ མར་ཕབ་འབད་ནི་དང་ བྱ་ངན་བཀག་ནིའི་ནང་ མཐར་འཁྱོལ་འབྱུང་དགོ་པ་ཅིན་ མི་མང་ལས་ མཉམ་འབྲེལ་དང་ རྒྱབ་སྐྱོར་ལེན་དགོཔ་འདི་ ག་ནི་བ་གལ་ཆེ།
འདི་གི་དོན་ལུ་ སྙན་ཞུ་འབད་མི་ཚུ་ ག་དེ་དྲག་དྲག་ གསང་བཞག་དགོཔ་མ་ཚད་ དྲི་ཞིབ་དང་ འགག་སྡེའི་ཡིག་ཚང་ནང་ འབོ་མ་དགོཔ་ བཟོ་བ་ཅིན་ ང་བཅས་རའི་ མི་ཚུ་གིས་ འགག་སྡེ་ལུ་ རྒྱབ་སྐྱོར་འབད་ནིའི་ སྤྲོ་བ་བསྐྱེད་ནི་ཨིནམ་ལས་ མཐའ་འཇུག་ལུ་ ཉེས་ལས་འཐབ་མི་ཚུ་ རང་བཞིན་གྱིས་ར་ མར་འབབ་འགྱོ་འོང་ཟེར་ ཞུ་ནི་ཨིན།

About admin

Check Also

མདའ་རྩེད་དེ་ སྲོས་ཀྱི་མི་སེར་ཚུ་གི་དོན་ལུ་ སྤྲོ་སྟོན་འབད་ནིའི་ དུས་ཚོད་ཅིག་ཨིནམ།

༉ ལ་གོང་གསུམ་གྱི་ མི་སེར་ཚུ་གི་དོན་ལུ་ ཕམ་སྤུན་ཆ་འཛོམས་ཏེ་ སྤྲོ་བ་སྟོན་ནིའི་ དུས་ཚོད་བཟང་པོ་ཅིག་ མདའ་རྩེད་འགྲན་བསྡུར་འབད་ནི་དེ་ཨིན་པས། དེ་འབདཝ་ལས་ ཁ་ཙ་ ཐིམ་ཕུག་སྲོས་རྒེད་འོག་ནང་ ཁཝ་འགོ་དང་པ་རྐྱབ་ཡོདཔ་ལས་ གྱང་ཤུགས་ཆེ་བའི་ཁར་ ཆརཔ་གིས་སྦང་རུང་ མདའ་རྩེདཔ་ཚུ་ལུ་ ཧེང་སྐལ་ར་ …

Leave a Reply

Your email address will not be published. Required fields are marked *