མི་མང་ཞབས་ཏོག་ལམ་ལུགས་ཚུ་ ལེགས་བསྒྱུར་འབད་བའི་བསྒང་ཡོདཔ།

༉ མི་མང་ཞབས་ཏོག་ཚུ་ ལེགས་ཤོམ་སྦེ་ མཁོ་སྤྲོད་འབད་ནིའི་དོན་ལས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཌི་ཟ་ཡེན་ཐིང་ཀིང་ཟེར་ དཀའ་ངལ་སེལ་ནིའི་ ཐབས་ལམ་ཅིག་ བཏོན་པའི་བསྒང་ཡོད་མི་དེ་ཡང་ སྨན་ཁང་ནང་ ནདཔ་ཚུ་བསྒུག་སྡོད་དགོ་པའི་ ཉམས་མྱོང་དང་ ནདཔ་ཕྱི་ཁར་ སྨན་བཅོས་འབད་བར་ གཏང་ནིའི་ལམ་ལུགས་ དེ་ལས་ གྲོང་གསེབ་ཀྱི་ ཤིང་ཆས་དང་ ནད་པའི་གནས་ཐོ་ ཞི་གཡོག་པའི་ བརྡ་དོན་ལམ་ལུགས་ཚུ་ལུ་ གཞི་བཞག་སྟེ་ཨིན་པས།
ཞབས་ཏོག་ཡར་དྲག་གཏང་ནིའི་ ལམ་ལུགས་ཚུ་གི་གྲས་ལས་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨེན་ཁང་ནང་ ནདཔ་ཚུ་ དྲུང་འཚོ་དང་ ཕྱད་ནིའི་དོན་ལུ་ ཡུན་རིངམོ་སྦེ་ བསྒུག་སྡོད་དགོཔ་ ཐོནམ་མ་ཚད་ བསྒུག་པའི་མཐའ་མར་ དྲུང་འཚོ་དང་ ཕྱད་མ་ཚུགས་པའི་ དཀའ་ངལ་ཐོན་མི་དེ་ སེལ་ཐབས་ལུ་ དྲུང་འཚོ་ཕྱད་ནིའི་ དུས་སྟབས་བཟོ་ནི་གི་ ལམ་ལུགས་དེ་ འགོ་བཙུགས་ཡོདཔ་ཨིན་པས།
ད་རེས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ཕྱིའི་ནདཔ་བརྟག་དཔྱད་ལས་ཁུངས་༩ འི་ནང་ ནདཔ་ཚུ་བསྒུག་སྡོད་མ་དགོ་པར བརྒྱུད་འཕྲིན་བཏང་སྟེ་ དུས་སྟབས་བཟོ་ནིའི་ ཞབས་ཏོག་འགོ་བཙུགས་ཡོདཔ་ཨིན་རུང་ སྨན་ཁང་ནང་ ལས་ཁུངས་ཁག་གི་ བརྡ་རྟགས་ཚུ་ གསལ་རིལ་རི་སྦེ་ བཙུགས་དགོཔ་དང་ དྲུང་འཚོ་ཡོད་མེད་ཀྱི་ཐོ་ཡང་ ཌི་ཇི་ཊཱལ་ཐོག་ལས་ བརྡ་བྱང་གུ་ གསལ་སྟོན་འབད་ནིའི་དོན་ལུ་ ལཱ་འབད་བའི་བསྒང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ནདཔ་ཚུ་ རྒྱ་གར་ལུ་ སྨན་བཅོས་འབད་བར་གཏང་ནིའི་ ལམ་ལུགས་ཡར་དྲག་བཟོ་ནི་དེ་ཡང་ ད་ལྟོ་ལཱ་འབད་བའི་བསྒང་ཡོདཔ་ཨིན་པས།
ཞི་གཡོག་ལྷན་ཚོགས་ཀྱི་ མི་སྟོབས་འགོ་དཔོན་ སངས་རྒྱས་ཡེ་ཤེས་ཀྱིས་ སླབ་མིའི་ནང་ ནདཔ་ཚུ་ཕྱི་ཁར་གཏང་ནིའི་ ལམ་ལུགས་དེ་ ལེགས་ཤོམ་མེད་པའི་ ཉོགས་བཤད་བཀོད་མི་དེ་ཡང་ སྡོད་གནས་ཚུ་ ག་དེ་སྦེ་ ཡོདཔ་ཨིན་ན་དང་ རྒྱ་གར་ཀཱོལ་ཀ་ཊ་ལུ་ ལྷོད་ཞིནམ་ལས་ འབྲེལ་འཛིན་འགོ་དཔོན་གྱིས་ ནདཔ་ཚུ་ལུ་ གྲོགས་རམ་ག་དེ་སྦེ་ བྱིན་དོ་ཡོདཔ་ཨིན་ན་ཚུ་ ལྟ་རྟོག་འབད་ཡི་ཟེར་ཨིན་པས།
ད་ལྟོ་ ཀཱོལ་ཀ་ཊ་ལུ་ འབྲེལ་འཛིན་འགོ་དཔོན་ ཕུད་རྡོག་གཅིག་མ་གཏོགས་མེདཔ་ལས་ ནདཔ་མངམ་འོངམ་ད་ ཞབས་ཏོག་ལེགས་ཤོམ་བྱིན་མ་ཚུགས་པའི་ དཀའ་ངལ་བྱུང་དོ་ཡོདཔ་མ་ཚད་ འགོ་དཔོན་གདམ་འཐུ་འབད་ནིའི་ ལམ་ལུགས་ཡང་ ལེགས་བསྒྱུར་འབད་དགོཔ་སྦེ་ ཐོན་ཡོདཔ་ཨིན་པས།
ད་ལས་ཕར་ འབྲེལ་འཛིན་འགོ་དཔོན་ བསྐོ་བཞག་འབད་ནི་དེ་ གསོ་བའི་ལྷན་ཁག་མེན་པར་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ལུ་ རྩིས་སྤྲོད་ཡོདཔ་ལས་ འཕྲལ་མགྱོགས་ར་ འབྲེལ་འཛིན་འགོ་དཔོན་ གསརཔ་བསྐོ་བཞག་འབད་ནི་དང་ ནདཔ་ཚུ་ ཕྱི་ཁར་མ་འགྱོ་བའི་ཧེ་མར་ ལེགས་ཤོམ་སྦེ་ བཤད་བྱིན་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
མི་སྟོབས་འགོ་དཔོན་གྱིས་ སླབ་མིའི་ནང་ ནདཔ་ཚུ་ སྣུམ་འཁོར་ནང་ འགྲོ་འགྲུལ་འབད་བའི་སྐབས་ དཀའ་ངལ་དང་ གདོང་ལེན་ཚུ་ ག་དེ་སྦེ་ བྱུང་དོ་ཡོདཔ་ཨིན་ན་ ལྟ་རྟོག་འབད་ནིའི་དོན་ལས་ ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ ནདཔ་དང་གཅིག་ཁར་ ཕུན་ཚོགས་གླིང་ལས་ ཀཱོལ་ཀ་ཊ་ལུ་ འགྲོ་འགྲུལ་འབད་ཡི་ཟེར་ཨིན་པས།
གསོ་བའི་ལྷན་ཁག་དང་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་༢ མཉམ་འབྲེལ་ཐོག་ ངོ་རྐྱང་གི་ གསོ་བའི་ཐོ་ཡིག་བཞག་ནིའི་ལམ་ལུགས་ཅིག་ གཞི་བཙུགས་འབད་ནི་ཨིནམ་ལས་ རང་སོའི་འཕྲོད་བསྟེན་གནས་སྟངས་ཚུ་ ག་དེ་འབད་ཡོདཔ་ཨིན་ན་ ཡོངས་འབྲེལ་ཐོག་ འཐོབ་ནི་ཨིན་པས།
ད་རེས་ནངས་པར་ མི་ཚུ་གིས་ གསོ་བའི་ལག་དེབ་རེ་བཟོ་སྟེ་ འཕྲོད་བསྟེན་གནས་སྟངས་དང་ ནད་གཞི་ཚུ་ དེ་ནང་བྲིས་དོ་ཡོད་རུང་ དེབ་ཆུང་དེ་ བྱང་སྟོར་ཤོར་བ་ཅིན་ གསོ་བའི་གནས་ཐོ་ཚུ་ མེདཔ་འགྱོ་འོང་ཟེར་ཨིན་པས།
ཞི་གཡོགཔ་ཚུ་ སྦྱོང་བརྡར་ནང་ འགྱོ་དགོཔ་རེ་ འཐོན་པ་ཅིན་ ལཱ་ཁག་སྦེ་ ལྷན་ཚོགས་ཡིག་ཚང་ནང་ འོང་མ་དགོ་པར་ ཡོངས་འབྲེལ་ཐོག་ལས་ ཞུ་ཡིག་ཚུ་ དུས་མཐུན་ཡོད་མེད་ བལྟ་ཚུགས་ནི་ཨིན་པས།
མི་སྟོབས་འགོ་དཔོན་གྱིས་ སླབ་མིའི་ནང་ ལམ་ལུགས་དེ་ཚུ་ལུ་བརྟེན་ ཞི་གཡོག་པའི་ ཁྱད་རིག་འཛིན་སྐྱོང་ མེགསི་ཟེར་བའི་ ལམ་ལུགས་དེ་ གོང་འཕེལ་ཐོག་ དཀའ་ངལ་ཚུ་ སེལ་ནིའི་ནང་ཡང་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *