མི་མང་གིས་ འགན་འཁྲི་འབག་ནི་ལུ་རག་ལས་ནི།

༉ འབྲུག་གི་ སྔར་སྲོལ་རང་བཞིན་གྱི་ ནང་འཁོད་ཐོན་སྐྱེད་ཚུ་ ཕྱིའི་ལས་འགུལ་རྒྱབ་སྐྱོར་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་དོ་ཡོདཔ་ཨིན།

དེ་ཡང་ འདས་པའི་ལོ་༤ དེ་ཅིག་གི་ཧེར་མར་ ལས་འགུལ་གཞི་བཙུགས་ཀྱི་ཐོག་ལས་ ཚོང་འབྲེལ་གྱི་ གཞི་རྟེན་འགོ་བཙུགས་ནུག།

ལས་འགུལ་འགོ་བཙུགས་ཞིནམ་ལས་ འབྲུག་པའི་སོ་ནམ་པ་དང་ རིག་རྩལ་མཁནམ་ ཚོང་འབྲེལ་ཆུང་བ་དང་ བར་མ་ དེ་ལས་ ཐགས་རིགས་མཁནམ་ཚུ་འབདཝ་ད་ ཧ་ལམ་༡,༤༠༠ དེ་ཅིག་ལུ་ ཕན་ཚུན་འབྲེལ་གནད་ཐོག་ གྲོགས་རམ་འབད་ནུག།

དེ་གིས་ རྫོང་ཁག་༢༠ འི་མི་སེར་མང་ཆེ་བ་ཅིག་ལུ་ ཕན་ཐོགས་བྱུང་ཡོདཔ་ཨིན་མས།

འདི་དང་འབྲེལ་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་དང་ དབུལ་ཕོངས་མར་ཕབ་འབད་ནི་ལུ་ཡང་ ཕན་ཐོགས་བྱུང་ནུག།

རྒྱལ་སྤྱི་གི་ ཁ་ཐུག་ལས་འབད་རུང་ འབྲུག་པའི་སྔར་སྲོལ་བཟང་པའི་ ལམ་སྲོལ་གྱི་ ནང་འཁོད་ཐོན་སྐྱེད་ཚུ་ལུ་ དགའ་ཚོར་སྦོམ་ར་བསྐྱེདཔ་ལས་ འབྲུག་པའི་ལམ་སྲོལ་ཐོན་སྐྱེད་ཚུ་ དར་ཁྱབ་ཅན་ཅིག་ལུ་ གྱུར་ཡོདཔ་ཨིན།

ལས་འགུལ་གྱི་ ལྷན་གྲོགས་ལུ་བརྟེན་ ཐགས་རིགས་ཀྱི་ དཔེ་ཚད་གསརཔ་༣༢༠ བཏོན་མི་གིས་ རྒྱལ་སྤྱིའི་རྒྱལ་ཁབ་ ཡུ་རོཔ་ ཨེ་ཤི་ཡ་ དེ་ལས་ ཡུ་ནའེ་ཊེཌ་ཚུ་ལུ་༢,༠༠༠ ལྷགཔ་ཅིག་ ཕྱིར་ཚོང་འཐབ་མི་གིས་ ཕན་རླབས་སྦོམ་ར་བྱུང་ནུག།

ཐགས་རིགས་ཀྱི་ཁ་ཐུག་ལས་ གནས་གོང་དངུལ་ཀྲམ་ས་ཡ་༡༠.༤ དེ་ཅིག་གི་ཐོན་སྐྱེད་༢,༥༠༠ ལྷགཔ་ཅིག་ ཕྱིའི་རྒྱལ་ཁབ་༡༤ ནང་ ཚོང་འབྲེལ་འཐབ་པའི་ཁར་ གནས་གོང་དངུལ་ཀྲམ་ས་ཡ་༢.༦ དེ་ཅིག་གི་ བསིལ་ཆུའི་ཐོན་སྐྱེད་ཚུ་ཡང་ ཕྱིར་ཚོང་འཐབ་ནུག།

ཨིན་རུང་ འདས་པའི་ལོ་ཕྱེད་དང་གསུམ་དེ་ཅིག་གི་རིང་ ནད་ཡམས་ཀྱི་ གདོང་ལེན་ལུ་བརྟེན་ ཚོང་འབྲེལ་ལུ་ ཐོ་ཕོག་ཅི།

སྤྱིར་བཏང་ནད་ཡམས་ཀྱིས་ འཛམ་གླིང་རྒྱལ་ཁབ་མང་ཤོས་ཅིག་ནང་ ཚོང་འབྲེལ་དང་ དཔལ་འབྱོར་གྱི་ ཐོན་སྐྱེད་ཚུ་ལུ་ ཐོ་སྦོམ་སྦེ་ར་ རྐྱབ་ཡོདཔ་ལས་ འབྲུག་རྒྱལ་ཁབ་རྐྱངམ་གཅིག་མེན་པར་ རྒྱལ་ཁབ་ག་རའི་ནང་ གནས་སྟངས་དེ་ ཅོག་འཐདཔ་སྦེ་ར་སྡོད་ཅི།

ནད་ཡམས་ཀྱིས་ རྒྱལ་ཁབ་དང་ མི་སེར་ག་ར་ལུ་ གྱོང་རྒུད་སྦོམ་ར་ ཕོག་སྟེ་འབད་རུང་ གཞུང་ཞབས་ཀྱིས་ སྐྱིད་སྡུག་གང་དྲག་གཟིགས་གནང་མི་གིས་ འབྲུག་པའི་མི་སེར་ཚུ་ ཁ་རྗེ་ཅན་སྦེ་ བརྩི་དགོ་མི་དེ་ཡང་ འདི་བཟུམ་གྱི་ སྐྱིད་སྡུག་གི་ལས་རིམ་དེ་ འཛམ་གླིང་རྒྱལ་ཁབ་ ག་ཏེ་ཡང་མེད་པར་ འབྲུག་པའི་མི་སེར་རྐྱངམ་གཅིག་གིས་ ཐོབ་མི་དེ་ཨིན།

སྐྱིད་སྡུག་དང་ གདོང་ལེན་ཚུ་ ག་དེ་སྦེ་བྱུང་རུང་ འབྲུག་པའི་མི་སེར་ཚུ་ མི་དབང་མངའ་ཞབས་ཀྱི་ སྐུ་ཉག་གཅིག་གི་ ཐུགས་རྗེ་བཟང་པོའི་ཆབ་འོག་ལུ་ གངས་བར་ནང་གི་ཆུ་འཐུང་།། སྤྲིན་བར་ནང་གི་ཉིམ་བསྲོ། །སྟེ་ར་སྡོད་མི་དེ་ མི་སེར་ཡོངས་ཀྱིས་ སེམས་ལས་མ་བརྗེད་པར་ བཞག་ནི་དེ་ཡང་གལ་ཆེ།

ནད་ཡམས་ཀྱི་དཀའ་ངལ་ཚུ་ ག་དེ་སྦེ་བྱུང་རུང་ རྒྱལ་ཁབ་བྱ་སྟབས་མ་བདེཝ་ ག་དེ་སྦེ་ཐོན་རུང་ འབད་དགོཔ་འབད་ ཐལ་དགོཔ་ཐལ་ཚརཝ་ལས་ ད་ལས་ཕར་ འབྱུང་འགྱུར་གྱི་ ལས་སྣ་ཚུ་ལུ་ སེམས་ཤུགས་བསྐྱེད་ནི་དང་ ལས་རིམ་བརྩམ་ནི་ བྱ་སྒོའི་རིམ་པ་བསྒྲིག་ནི་དེ་ ང་བཅས་གཞུང་དང་ མི་སེར་ལུ་ ཕོག་པའི་འགན་ཁུར་ཅིག་འབདཝ་ལས་ ད་ལས་ཕར་ ནད་ཡམས་དེ་ ཧ་ལམ་ ཞི་སུ་ཅིག་འགྱོཝ་ད་ དྲན་ཤེས་ཐེབས་བཏོན་ནི་གི་ འགན་ཁུར་མི་མང་ལུ་ཕོགཔ་མས།

གོང་ལུ་གསལ་བཀོད་འབད་དོ་བཟུམ་སྦེ་ གལ་སྲིད་ ཧེ་མའི་ལཱ་ཤུལ་དེ་ རྩ་འགེངས་ཏེ་ར་ འཕྲོ་མཐུད་འབད་བ་ཅིན་ རྒྱལ་སྤྱིའི་ནང་ དར་ཁྱབ་སོང་བའི་ཁར་ ངོས་འཛིན་འབད་མིའི་ ཐོན་སྐྱེད་ཅིག་ཨིནམ་ལས་ འདས་པའི་དཔལ་འབྱོར་དུམ་གྲ་ཅིག་ མར་ཉམས་སོང་མི་ལུ་ ལྷན་གྲོགས་སྦོམ་ར་ འབད་ཚུགས་པའི་འོས་འབབ་ཡོདཔ་ལས་ མདུན་སྐྱོད་ལུ་ ཁ་བསྒྱུར་དགོཔ་གལ་ཆེ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *