མི་མང་གི་ཞབས་ཏོག་ ལེགས་བཅོས་འབད་ཐབས་ལུ་ ལས་རིམ་སྣ་ཚོགས།

༉ མི་མང་གི་ ཞབས་ཏོག་མང་ཤོས་ར་ ཞི་གཡོགཔ་ཚུ་གིས་ བྱིན་དོ་ཡོདཔ་ལས་ ཞབས་ཏོག་ཚུ་ སྤུས་ཚད་དང་ལྡནམ་སྦེ་ བྱིན་ཐབས་ལུ་ ལཱ་འཕྲོ་མཐུད་འབད་དེ་ གཞུང་དང་ སྤྱིར་བཏང་མི་མང་གི་ རེ་འདོད་ཚུ་ གྲུབ་དགོ་ཟེར་ཨིན་པས།
དེ་ཡང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་༢༠༡༦-༡༧ ཅན་མའི་ནང་ བཀོད་ཡོདཔ་ད་ ལྷན་ཚོགས་ཀྱིས་ ལོ་དེ་ནང་ ལྷན་ཁག་དང་ རྫོང་ཁག་ དེ་ལས་ ལས་སྡེ་དག་པ་ཅིག་ གདམ་ཁ་རྐྱབ་སྟེ་ ལས་འབྲེལ་ལག་ལེན་ཡར་དྲག་གི་ བརྟག་ཞིབ་ཅིག་ཡང་ འགོ་འདྲེན་འཐབ་ནུག།
བརྟག་ཞིབ་འབད་བའི་སྐབས་ དེ་ཚུ་ནང་ མི་མང་གི་ ཞབས་ཏོག་བྱིན་ནི་ལུ་ ལམ་ལུགས་ཚུ་ འབྲེལ་མཐུན་མེད་མི་དེ་ཡང་ ལས་སྡེ་ཁག་ནང་ ལམ་ལུགས་དང་ འཕྲུལ་རིག་གཅིག་མཚུངས་མེད་པར་ ལག་ལེན་འཐབ་པའི་ མངོན་གསལ་བྱུང་ཡི་ཟེར་ སྙན་ཞུ་ནང་བཀོད་དེ་འདུག།
མི་མང་གི་ ཞབས་ཏོག་མང་ཤོས་ར་ ཞབས་ཏོག་བྱིན་མི་དང་འཁྲིལ་ཏེ་ བཟོ་ཡོདཔ་ལས་ ལག་ལེན་འཐབ་མི་ཚུ་གི་ རེ་འདོད་ཚུ་ གྲུབ་མི་ཚུགས་པས་ཟེར་ཨིནམ་ད་ གཞུང་གིས་ མི་མང་ལུ་ ཞབས་ཏོག་བྱིན་ནིའི་ དུས་ཚོད་ཡང་ རེས་གཟའ་མིག་དམར་ལས་ སྤེན་པ་ཚུན་ཚོད་ དྲོ་པ་ཆུ་ཚོད་༩ ལས་འགོ་བཙུགས་ ཕྱི་རུའི་ཆུ་ཚོད་༥ ཚུན་བཞག་སྟེ་ཡོདཔ་ཨིན་པས།
ལས་འབྲེལ་ལག་ལེན་ཡར་དྲག་གི་ བརྟག་ཞིབ་འབདཝ་ད་ ད་ལྟོ་ཡོད་མི་ ལས་དོན་བརྟག་ཞིབ་ལམ་ལུགས་ཚུ་ དུས་ཨ་རྟག་ར་ ལེགས་ཤོམ་སྦེ་ བཀོལ་སྤྱོད་མ་འབད་བའི་ཁར་ རྒྱལ་ཁབ་ཀྱི་ ས་ཁོངས་ལ་ལོ་ཅིག་ནང་ ཡོངས་འབྲེལ་གྱི་ཞབས་ཏོག་ ལེགས་ཤོམ་མེདཔ་ལས་ གཞུང་ལས་མི་སེར་ཟེར་བའི་ ཞབས་ཏོག་དེ་ ལག་ལེན་འཐབ་ནི་ལུ་ གདོང་ལེན་བྱུང་ཡོད་པའི་ ཤེས་རྟོགས་བྱུང་ནུག་ཟེར་བཀོད་ནུག།
དེ་བཟུམ་སྦེ་ སྤྱིར་བཏང་ལས་སྡེ་མང་ཤོས་ཅིག་གིས་ གཞུང་ལས་མི་སེར་གྱི་ ཞབས་ཏོག་དེ་ དུས་ཚོད་ཁར་ ལེགས་བཅོས་འབད་ནི་མེདཔ་ད་ གནས་ཚད་ཅན་གྱི་ ཞབས་ཏོག་མེདཔ་ལས་ ཞབས་ཏོག་མཁོ་འདོད་བཀོད་མི་ཚུ་ཡང་ ཞབས་ཏོག་བྱིན་མི་ལས་ ཁང་གླ་ལེན་ནི་ཡོདཔ་བཟུམ་སྦེ་ འབད་དགོཔ་བྱུང་ནུག་ཟེར་ཨིན་པས།
མི་མང་ཞབས་ཏོག་ཚུ་ ཡར་དྲག་གཏང་ཐབས་ལུ་ ལྷན་ཚོགས་ཀྱིས་ རྫོང་ཁག་དང་ ཁྲོམ་སྡེ་ཚུ་ནང་ མི་སྟོབས་ཀྱི་ དགོས་མཁོའི་བྱ་རིམ་དང་འཁྲིལ་ཏེ་ ཚོང་མགྲོན་པའི་ ཞབས་ཏོག་འབྲེལ་སྟེགས་ གཞི་བཙུགས་འབད་ནི་ལུ་ རྒྱབ་སྐྱོར་འབད་དེ་ཡོདཔ་ད་ ལས་སྡེ་ཚུ་གིས་འབད་རུང་ ཞབས་ཏོག་སྐྱེལ་སྤྲོད་ཚུ་ ལོ་བསྟར་གྱི་ ལས་སྣའི་དམིགས་གཏད་ནང་ཡང་ བཙུགས་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ སྙན་ཞུ་ནང་བཀོད་ནུག།
མི་མང་གི་ ཞབས་ཏོག་ཚུ་ བྱིན་ནི་ལུ་ ཕྱོགས་ལྷུང་མར་ཕབ་དང་ དྭངས་གསལ་ཅན་ འབྱུང་ཐབས་ལུ་ འཕྲུལ་རིག་ཚུ་ ལག་ལེན་འཐབ་ནི་ལུ་ གཙོ་རིམ་བཟུང་དགོ་པའི་ སེམས་ཤུགས་བསྐྱེད་བཅུག་ཡོད་པའི་ཁར་ ཞི་གཡོགཔ་༢༢༠ མནོ་ལུགས་མཁས་མཆོག་བཟོ་སྟེ་ སློབ་སྟོན་པ་སྦེ་ ངོས་ལེན་འབད་ཡོདཔ་ད་ ཁོང་གིས་ གཞུང་གི་ཞབས་ཏོག་ཚུ་ སྐྱེལ་སྤྲོད་འབད་ནི་ལུ་ ཐབས་ལམ་གསརཔ་ཚུ་ བྱིན་ནི་ཨིན་པས།
སྙན་ཞུ་ནང་ ལྷན་ཚོགས་ཀྱིས་ ལས་སྡེ་ཚུ་ལུ་ ཞབས་ཏོག་ལེགས་ལྡན་བཟོ་ནི་དང་ བཟོ་བཀོད་མནོ་ལུགས་ ལག་ལེན་འཐབ་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་སྟེ་ཡོདཔ་ད་ གཞུང་ལས་མི་སེར་ཞབས་ཏོག་ཡིག་ཚང་དང་ ལྷན་ཚོགས་༢ ཀྱིས་ ཤིང་ཆས་ཆོག་ཐམ་དང་ ལམ་ཡིག་ཞབས་ཏོག་ ཌོག་ཊར་ཚུ་དང་གཅིག་ཁར་ ཕྱད་ནིའི་ཞབས་ཏོག་ཚུ་ བཟོ་བཀོད་མནོ་ལུགས་ ལག་ལེན་འཐབ་ཐོག་ལས་ བསྐྱར་ཞིབ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ ལས་སྡེ་ཚུ་གིས་ སྤུས་ཚད་ཅན་གྱི་ ལས་སྡེ་དང་གཅིག་ཁར་ འཐུས་མི་སྦེ་ འཛུལ་ཞུགས་འབད་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་སྟེ་ཡོདཔ་ད་ སྦྱོང་བརྡར་གྱི་ གོ་སྐབས་ཚུ་ཡང་ ཚོང་མགྲོན་པ་ཚུ་དང་ ཐད་ཀར་འབྲེལ་བ་འཐབ་མི་ཚུ་ལུ་ བྱིན་དགོཔ་ད་ ལས་དོན་འཛིན་སྐྱོང་ལམ་ལུགས་ཅིག་ཡང་ མི་མང་ཞབས་ཏོག་ སྐྱེལ་སྤྲོད་ལུ་ སྡེ་ཚན་མཉམ་རུབ་ཀྱི་ སེམས་ཤུགས་དང་ འགན་འཁྲི་བྱིན་ཐབས་ལུ་ཨིན་པས།
དེ་མ་ཚད་ ལྷན་ཚོགས་ཀྱི་ གསར་གཏོད་འགོ་དཔོན་ཚུ་གིས་ ལས་སྡེ་ཚུ་ནང་ ཞབས་ཏོག་ཚུ་ འཕྲོ་མཐུད་དེ་ར་ ལེགས་ལྡན་བཟོ་ནི་ལུ་ སྤྲོ་བ་བསྐྱེད་བཅུག་སྟེ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༦ ཟླ་༧ པ་ལས་ དུས་ཅི་སྤྱི་ཟླ་༧ པ་ཚུན་ ལྷན་ཚོགས་ཀྱིས་ རྫོང་ཁག་༢༠ དང་ ཁྲོམ་སྡེ་༤ དེ་ལས་ རང་དབང་ཅན་གྱི་ གཙུག་སྡེ་༡༣ ལས་འབྲེལ་ལག་ལེན་ཡར་དྲག་གི་ བརྟག་ཞིབ་འབད་ཚར་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *