མི་དབང་རྒྱལ་བཙུན་ རྗེ་བཙུན་པདྨ་དབང་ཕྱུག་མཆོག་དང་ ཇ་པཱན་གྱི་ སྲསམོ་མ་ཀོ་ ལྷན་བཞུགས་གནང་པའི་བསྒང་།

མི་དབང་རྒྱལ་བཙུན་མཆོག་གིས་ མེ་ཏོག་འགྲེམ་སྟོན་ཐེངས་༣ པ་ འགོ་འབྱེད་གནང་ཡོདཔ།

༉ ཁ་ཙ་ མི་དབང་རྒྱལ་བཙུན་ རྗེ་བཙུན་པདྨ་དབང་ཕྱུག་མཆོག་གིས་ ཐིམ་ཕུག་རྒྱལ་ཡོངས་རྗེས་དྲན་མཆོད་རྟེན་ནང་ རྒྱལ་འཛིན་མེ་ཏོག་འགྲེམ་སྟོན་ཐེངས་༣ པ་ འགོ་འབྱེད་གནང་སར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་འབྲུག་རྒྱལ་༤ པ་མཆོག་གིས་དབུ་གཙོས་པའི་ སྐུ་འཁོར་ལྷན་རྒྱས་དང་ བློན་ཆེན་ དེ་ལས་ གཞུང་གི་ཆེ་མཐོའི་དཔོན་ཚུ་གིས་ འབྲེལ་གཏོགས་གནང་ཡི།

འགྲེམ་སྟོན་དེ་ནང་ ཇ་པཱན་གྱི་ སྲསམོ་མ་ཀོ་མཆོག་ དམིགས་བསལ་གྱི་ སྐུ་མགྲོན་སྦེ་ གྲལ་བཞུགས་གནང་ཡི།
ད་རིས་ལས་ འགོ་བཙུགས་ཏེ་ སྤྱི་ཟླ་༦ པའི་ཚེས་༡༡ ཚུན་ མི་མང་གི་དོན་ལུ་ སྒོ་ཕྱེ་བཞག་ནི་ཨིན་མི་ འགྲེམ་སྟོན་དེ་ཡང་ མི་དབང་འབྲུག་རྒྱལ་༣ པ་མཆོག་ལུ་ གུས་བཏུད་ཞུ་ཐབས་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
འགྲེམ་སྟོན་དེ་ནང་ དམག་སྡེ་དང་ སོ་ནམ་དང་ནགས་ཚལ་ལྷན་ཁག་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་ དེ་ལས་ ཇ་པཱན་དང་ ཐའི་ལེནཌི་གི་ ངོ་ཚབ་ཚུ་བརྩིས་ཏེ་ ལས་སྡེ་༡༠ གྱིས་ མེ་ཏོག་ལྡུམ་ར་༢༠ དེ་ཅིག་ བཟོ་ཡོདཔ་མ་ཚད་ རྒྱ་གར་གྱི་ ངོ་ཚབ་ཚུ་གིས་ཡང་ འགྲེམ་སྟོན་འབད་ནིའི་ནང་ བཅའ་མར་གཏོགས་ནུག།
ལྡུམ་ར་དེ་ནང་ འབྲུག་པའི་སྔོ་ཤིང་དང་ མེ་ཏོག་ སྨན་རིགས་ དེ་ལས་ གྱོན་ཆས་འབད་བཏུབ་པའི་ མེ་ཏོག་གི་རིགས་ཚུ་ འགྲེམ་སྟོན་འབདཝ་ཨིན་པས།
སོ་ནམ་དང་ ནགས་ཚལ་ལྷན་ཁག་ བརྡ་དོན་དང་ བརྒྱུད་འབྲེལ་ཞབས་ཏོག་ལས་ཁུངས་ཀྱི་ ལས་རིམ་འགོ་འདྲེན་པ་ མདོ་ཆེན་སེངྒེ་དབང་མོ་གིས་ སླབ་མིའི་ནང་ འགྲེམ་སྟོན་ནང་འོང་མི་ འབྲུག་མི་ཚུ་ལུ་ འཛུལ་འཐུས་མི་ཕོག་ནི་ཨིན་རུང་ ཕྱི་མི་རྒན་ཤོས་ཚུ་ལུ་ འཐུས་དངུལ་ཀྲམ་༣༠༠ དང་ ཕྱིའི་སློབ་ཕྲུག་ཨིན་པ་ཅིན་ དངུལ་ཀྲམ་༡༥༠ རེ་ སྤྲོད་དགོཔ་བཞིན་ནུ་ ཕྱི་མི་སྐྱེས་ལོ་༥ འོག་རྒྱུ་འབད་མི་ཚུ་ལུ་ འཛུལ་འཐུས་མི་ཕོག་ཟེར་ཨིན་པས།
འགྲེམ་སྟོན་དེ་ནང་ མེ་ཏོག་གི་སོན་དང་ ལྡུམ་ར་ནང་ ལག་ལེན་འཐབ་ནི་གི་ ལག་ཆ་དང་ པར་དེབ་ ཞྭམོ་ ཕོརཔ་ལ་སོགས་པ་ཚུ་ མཆོད་རྟེན་དང་ འབྲུག་ཉེན་བཅོལ་ཡིག་ཚང་གི་ སྦུག་ལུ་ཡོད་མི་ ས་ཁོངས་ནང་ལས་ ཉོ་ནི་འཐོབ་ཚུགསཔ་ད་ ལྡུམ་རའི་སྐོར་ལས་ བརྡ་དོན་ཚུ་དགོ་རུང་ དེ་ནང་ལས་ འཐོབ་ཚུགས་ནི་ཨིན་པས།
ཁ་ཙ་ མི་དབང་རྒྱལ་བཙུན་མཆོག་གི་ འཁྲུངས་སྐར་དུས་སྟོན་ཨིནམ་ལས་ འགྲེམ་སྟོན་དེ་ཡང་ མི་མང་ལུ་ དྲོ་པའི་ཆུ་ཚོད་༩ ལས་ ཕྱི་རུའི་ཆུ་ཚོད་༨ ཚུན་ སྒོ་ཕྱེས་བཞག་ཡོདཔ་ཨིན་པས།
འགྲེམ་སྟོན་དེ་ཡང་ མི་དབང་མཆོག་གི་བཀའ་བཞིན་དུ་ སྤྱི་ལོ་༢༠༡༥ ལས་ སྐྱེ་ལྡན་གྱི་རིགས་ལུ་ སྤྲོ་བ་བསྐྱེད་བཅུག་ཐབས་ལུ་ འགོ་བཙུགས་ཡོདཔ་ད་ ལས་རིམ་དེ་ སོ་ནམ་དང་ ནགས་ཚལ་ལྷན་ཁག་གིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
འདས་པའི་འགྲེམ་སྟོན་ཐེངས་༢ པ་དེ་ སྤ་རོ་ཨོ་རྒྱན་དཔལ་རི་ཕོ་བྲང་ནང་སྦེ་ འགོ་འདྲེན་འཐབ་པའི་སྐབས་ ཡོངས་གྲགས་ཐལ་ཡོདཔ་ལས་ མི་སྟོང་ཕྲག་ལས་བཅད་མི་ཚུ་གིས་ འགྲེམ་སྟོན་བལྟ་བར་འོང་ཡོདཔ་མ་ཚད་ ཁས་བླངས་པ་ཡང་ ཐོན་ཡོདཔ་ཨིན་པས།
ཇ་པཱན་གྱི་ལྡུམ་ར་པ་ ཤི་ཇི་ཇི་གིས་འབད་བ་ཅིན་ ཇ་པཱན་གྱི་ལྡུམ་ར་དེ་ ནང་འཁོད་ཀྱི་ ཅ་ཆས་ཚུ་ ལག་ལེན་འཐབ་སྟེ་ བཟོ་ཡི་ཟེར་ཨིན་པས།
སོ་ནམ་དང་ ནགས་ཚལ་ལྷན་ཁག་གི་ འགོ་དཔོན་ཚུ་ འདས་པའི་ལོ་༢ ཀྱི་རིང་ མི་ཧ་རུ་ལྡུམ་རའི་ ལས་འགུལ་ཐོག་ལས་ སྦྱོང་བརྡར་འབད་ཡོདཔ་ད་ ལྡུམ་ར་ཚུ་ནང་ མང་ཤོས་ར་ ལྕང་ཤིང་དང་ མེ་ཏོག་གི་རིགས་ཚུ་ ལག་ལེན་འཐབ་ཡོདཔ་ཨིན་པས།
ལྡུམ་རའི་བརྗོད་དོན་ངོ་མ་ར་ ཇ་པཱན་དང་ འབྲུག་པའི་མི་སེར་གྱི་བར་ན་ མཉམ་འབྲེལ་བཞག་ནི་ལུ་ གཞི་བཞག་སྟེ་བཟོ་ཡོདཔ་ད་ ལྡུམ་ར་དེ་ཡང་ ཉིན་གྲངས་༨ ཀྱི་ནང་འཁོད་ལུ་ བཟོ་ཚར་ཡོདཔ་ད་ ལྡུམ་རའི་ཉམས་མྱོང་ཡོད་མི་ཚུ་གིས་འབད་བ་ཅིན་ དུས་ཚོད་དེ་ཅིག་ནང་ ལྡུམ་ར་བཟོ་མི་ཚར་ཟེར་ སླབ་ཨིན་པས།
ཨིན་རུང་ ཤི་ཇི་ཇི་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཇ་པཱན་གྱི་སྲསམོ་ འབྲུག་ལུ་ བྱོན་མི་དང་ འབྲུག་པའི་འགོ་དཔོན་ཚུ་གིས་ གྲོགས་རམ་འབད་མི་ལུ་བརྟེན་ དུས་ཡུན་ཐུང་ཀུ་ཅིག་ནང་ མཇུག་བསྡུ་ཚུགས་ཅི་ཟེར་ཨིན་པས།
མེ་ཏོག་འགྲེམ་སྟོན་དང་འབྲེལ་ གཞུང་གི་ལས་སྡེ་དང་ སྒེར་གྱི་ཡིག་ཚང་ཚུ་གིས་ རང་སོའི་ཡིག་ཚང་གི་ མཐའ་འཁོར་ལས་ཕར་ཡང་ ལྡུམ་ར་ཆུང་ཀུ་ཚུ་ ལེ་ཤ་བཟོ་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

བསྐོར་ཐེངས་དང་པའི་ནང་ སྤ་རོ་ཨེཕ་སི་སྡེ་ཚན་གྱིས་ ཨང་དང་པ་ཐོན་ཡོདཔ།

༉ སྤ་རོ་ ཨེཕ་སི་སྡེ་ཚན་གྱིས་ བསྐོར་ཐེངས་དང་པའི་ནང་ སྐུགས་༢༥ ཐོབ་སྟེ་ ཨང་དང་པ་ཐོན་པའི་སྐབས་ ན་ཧིང་ ཨང་དང་པ་ཐོན་མི་ ཐིམ་ཕུག་སི་ཊི་སྡེ་ཚན་གྱིས་ སྐུགས་༢༣ ཐོབ་སྟེ་ ཨང་༢ པ་ཐོན་ནུག། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *