ཁ་ཙ་ རྒྱལ་ཡོངས་ཚོགས་ཁང་ནང་ སྤྱི་ཚོགས་༣ པའི་ཚོགས་ཐེངས་༦ པ་ འགོ་བཙུགས་གནང་པའི་བསྒང།

མི་དབང་མཆོག་གིས་ སྤྱི་ཚོགས་༣ པའི་ ཚོགས་ཐེངས་༦ པ་ དབུ་བཞུགས་གནང་ཡོདཔ།

༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ཚོགས་༣ པའི་ ཚོགས་ཐེངས་༦ པའི་ འགོ་བཙུགས་རྟེན་འབྲེལ་ནང་ དབུ་བཞུགས་གནང་ཡི།

རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་དབང་ཕྱུག་རྣམ་རྒྱལ་གྱིས་ མི་དབང་མངའ་ཞབས་མཆོག་དང་ རྒྱལ་བཙུན་རྣམ་༢ ཀྱིས་གཙོས་པའི་ མི་དབང་རྒྱལ་པོའི་སྲསམོ་ འཆི་མེད་གཡང་འཛོམས་དང་ བསོད་ནམས་བདེ་ཆེན་ དེ་ལས་ རྒྱལ་སྲས་འཇིགས་རྒྱལ་མཆོག་གིས་ གྲལ་བཞུགས་གནང་མི་དེ་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ཞུ་ཡི།

ཚོགས་དཔོན་གྱིས་ ནད་ཡམས་ཀྱི་གནས་སྟངས་སྐབས་ མི་དབང་མཆོག་ སྐུ་ངལ་གནང་བཞུགས་ནིའི་ དུས་ཚོད་མེད་པའི་ཁར་ ག་ནི་བ་ གཅེས་ཤིང་ཕངས་པའི་ ཡབ་སྲས་རྒྱལ་ལྕམ་འཁོར་དང་བཅས་པ་ སྐུ་རྒྱབ་ལུ་བཞག་སྟེ་ རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ཁོ་ན་ལུ་གཟིགས་ཏེ་ སྐུ་འོ་བརྒྱལ་བ་དང་ ཐུགས་འཚེར་བ་ལུ་མ་གཟིགས་པར་ རྒྱལ་ཁབ་ཀྱི་ ས་གནས་ཐདམ་ཐད་ཁ་ལས་ཕར་ ཞབས་ཀྱིས་བསྐོར་ཏེ་ ས་གནས་ཁག་གི་ ལས་བྱེད་ཚོགས་ཆུང་གི་འཐུས་མི་ཚུ་དང་ མཇལ་ཕྲད་གནང་པའི་ཁར་ མི་སེར་དང་ ན་གཞོན་སློབ་ཕྲུག་ཚུ་དང་གཅིག་ཁར་ཡང་ མཇལ་ཕྲད་གནང་ཡི་ཟེར་ཞུ་ཡི།

དེ་གིས་མ་དོ་བར་ མི་དབང་མཆོག་གིས་ རྫོང་ཁག་དང་ གྲོང་གསེབ་ཁག་ཚུ་ནང་ལས་ཕར་ དགོས་མཁོ་ཅན་གྱི་ འཐུང་ཆུའི་དཀའ་ངལ་ཚུ་སེལ་ཐབས་ལུ་ ལས་འགུལ་ཚུ་ གཞི་བཙུགས་གནང་པའི་ཁར་ ནང་ཆས་བཟོ་སྐྲུན་དང་འབྲེལ་བའི་ རིག་རྩལ་ལྷབ་སའི་ ལྟེ་བ་ཚུ་ཡང་ གཞི་བཙུགས་གནང་སྟེ་ བདེ་སྲུངཔ་ཚུ་ལུ་ བཀའ་རྒྱ་དང་ ལམ་སྟོན་གནང་མི་དེ་གིས་ རྒྱལ་ཁབ་ནང་ལཱ་གཡོག་གི་ དཀའ་ངལ་སེལ་ཐབས་འབད་དེ་ཡོད་ཟེར་ཞུ་ཡི།

དེ་མ་ཚད་ བདེ་སྲུངཔ་ཁོང་རང་ལུ་ རིག་རྩལ་དང་ སྤུས་ཚད་ཅན་གྱི་ ཉམས་མྱོང་ཐོབ་པའི་ཁར་ སེམས་ཤུགས་དང་ བློ་སྟོབས་སྒྲིང་སྒྲི་ཐོབ་སྟེ་ མི་སེར་ཚུ་ལུ་ཡང་ ཕན་ཐོགས་བྱུང་སྟེ་ཡོདཔ་ལས་ སྤྱི་ཚོགས་ཀྱི་ཧོངས་ལས་ མི་དབང་མཆོག་ལུ་ དགའ་ཚོར་ཡོད་ཟེར་ཞུ་ཡི།

ཚོགས་དཔོན་གྱིས་ ལུང་ནག་པའི་ མི་སེར་ཚུ་གི་དོན་ལུ་ཡང་ འཐུང་ཆུ་དང་ གཞན་མཐུན་རྐྱེན་ཚུ་གནང་པའི་ཁར་ ཁྱིམ་གུང་པ་༡༩༡ ལུ་ དགུན་གྱི་སྡོད་གནས་ བཟོ་སྐྲུན་འབད་ནིའི་དོན་ལུ་ དགོན་ཤར་རི་ལུ་ ཁྱིམ་སའི་སྐྱིད་སྡུག་གནང་མིའི་སྐོར་ལས་ཡང་ གསལ་སྟོན་འབད་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ མི་ངོམ་༤༢༢ ལུ་ འབྲུག་པའི་མི་ཁུངས་ཀྱི་ སྐྱིད་སྡུག་གནང་མི་དེ་གིས་ ད་ཚུན་ མི་གྲངས་༢༠,༨༦༦ ལུ་ སྐྱིད་སྡུག་གནང་ཡོདཔ་ལས་ དེ་གིས་ མི་ངོམ་ཚུ་གི་ མི་ཚེའི་གནས་སྟངས་ལུ་ ཕན་རླབས་སྦོམ་ར་ འབྱུང་ཚུགས་པའི་ རེ་བ་ཡོད་ཟེར་ཞུ་ཡི།

ཚོགས་དཔོན་གྱིས་ ཆར་ཆུ་གིས་ སོ་ནམ་པ་ཚུ་གི་ ལོ་ཐོག་བསྡུ་རན་ཁར་ཡོད་མི་ཚུ་ མེདཔ་བཏང་པའི་སྐབས་ལུ་ཡང་ མི་དབང་མཆོག་གིས་ སྐྱིད་སྡུག་གནང་ནི་ཨིན་པའི་སྐོར་ལས་ བློན་ཆེན་བརྒྱུད་དེ་ བཀའ་སློབ་གནང་མི་དེ་ལུ་ཡང་ བསམ་བརྗོད་ལས་འདས་པའི་ བཀྲིན་དགའ་ཚོར་ཡོད་ཟེར་ཞུ་ཡི།

ཆོས་ཀྱི་དབུ་ཁྲིད་དང་ གྲྭ་ཚང་ དེ་ལས་ དགོན་སྡེ་ཁག་ཚུ་གིས་ བསྟན་སྤྱིའི་སྐུ་རིམ་ཚུ་ གནང་མི་དེ་ལུ་ཡང་ ཚོགས་དཔོན་གྱིས་ དགའ་ཚོར་ཡོད་ལུགས་ཚུ་ཞུ་ཡི།

མི་དབང་རྒྱལ་བཙུན་མཆོག་གིས་ གནས་སྟངས་དེ་བཟུམ་སྐབས་ མི་དབང་ལྷ་སྲས་སྐུ་མཆེད་གཉིས་ འཚོ་སྐྱོང་དང་ བདག་ འཛིན་ལེགས་ཤོམ་སྦེ་ མཛད་གནང་མི་ལུ་ཡང་ དགའ་ཚོར་ཡོད་ལུགས་ཞུ་ཡི།

ཚོགས་བཞུགས་འདི་ནང་ སྤྱིར་བཏང་ཁྲིམས་བཟོའི་འགན་ཁུར་དང་ སྤྱི་ཚོགས་ནང་ དྲི་བཀོད་ལས་རིམ་ཚུ་ འགོ་ འདྲེན་འཐབ་ནི་ཨིན་མི་དང་གཅིག་ཁར་ རྒྱལ་ཡོངས་ཚོགས་འདུ་གིས་ འབྲུག་གི་མི་སྡེ་ལས་ཚོགས་ཀྱི་ འཕྲི་སྣོན་དཔྱད་ཡིག་དང་ འབྲུག་གི་ནགས་ཚལ་དང་རང་བཞིན་སྲུང་སྐྱོབ་དཔྱད་ཡིག་ དེ་ལས་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་དཔྱད་ཡིག་དང་ འབྲུག་གི་ཅ་དམ་འཕྲི་སྣོན་དཔྱད་ཡིག་ཚུ་ལུ་ གྲོས་བསྡུར་གནང་ནི་ཨིན་པས།

འབྲུག་གི་ཁྲལ་གྱི་འཕྲི་སྣོན་དཔྱད་ཡིག་དང་ འབྲུག་གི་ཅ་ཆས་དང་ཞབས་ཏོག་ཁྲལ་གྱི་འཕྲི་སྣོན་དཔྱད་ཡིག་གུ་ གྲོས་བསྡུར་འབད་ནི་དང་ རྒྱལ་གཞུང་འབྲུག་གི་འགག་སྡེའི་འཕྲི་སྣོན་དཔྱད་ཡིག་དང་ འབྲུག་གི་སྐྱེ་ལྡན་རིགས་སྣའི་དཔྱད་ཡིག་༢ ལྷག་ཐེངས་༣ པ་འབད་ནི་ཨིན་པས།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ སྤྱི་ལོ་༢༠༢༠ ཅན་མའི་ ལོ་བསྟར་སྙན་ཞུ་གུ་ཡང་ ཚོགས་བཞུགས་འདི་ནང་ གསུང་

གྲོས་གནང་ནིའི་ ལས་རིམ་ཚུ་ཡོདཔ་ཨིན་པས།

རྒྱལ་སྤྱིའི་མཐུན་གྲོས་འབད་བ་ཅིན་ རྒྱལ་སྤྱིའི་ཉི་དྲོད་མཐུན་གྲོས་གཞི་བཙུགས་ཀྱི་ གཞི་རྟེན་ཆིངས་ཡིག་ཅིག་གུ་ཡང་ གསུང་ གྲོས་གནང་ནི་ཨིནམ་ད་ སྤྱི་ཚོགས་ལྷན་བཞུགས་ནང་འབད་བ་ཅིན་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ ལོ་བསྟར་རྩིས་ཞིབ་ སྙན་ཞུ་༢༠༢༠ ཅན་མ་ལུ་ གྲོས་བསྡུར་འབད་ནི་ཨིན་པས།

ཚོགས་ཐེངས་འདི་ནང་ ལས་འབྲེལ་རྩིས་ཞིབ་སྙན་ཞུ་ཁག་༢ དང་ གྲོས་ཆོད་དང་ལེན་གྱི་གནས་རིམ་སྙན་ཞུ་ཚུ་གུ་ གསུང་གྲོས་ གནང་ནི་དང་ བློན་ཆེན་གྱིས་ གཞུང་གི་ཁྲིམས་བཟོ་དང་ ལོ་བསྟར་འཆར་གཞི་ནང་ གཞུང་གི་གཙོ་རིམ་དང་གཅིག་ཁར་ རྒྱལ་ཁབ་ཀྱི་གནས་སྟངས་སྐོར་ལས་ ལོ་བསྟར་སྙན་ཞུ་ ཕུལ་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

བཟའ་གྲོགས་ལུ་ ཨམ་སྲུ་༤༤ ནག་ཚོང་འཐབ་པའི་ ཉེས་འཛུགས་ཀྱི་གྲོས་འདེབས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་ཚུ་ལུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ། ༉ མི་ཌཱལ་ཨིསི་ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ འབྲུག་པའི་ཨམ་སྲུ་ཚུ་ ཉེས་ཚོང་འཐབ་ཡོད་པའི་ ཁ་ཉེས་ཕོག་མི་ ལས་སྡེ་ངོ་ཚབ་༣༠ ཡོད་མི་ལས་ རྒྱལ་གཞུང་ཁྲིམས་སྲུང་འགག་སྡེའི་ དམིགས་བསལ་ཞིབ་དཔྱད་སྡེ་ཚན་ཅིག་གིས་ རྩོད་དོན་༡ ཉེས་བཤེར་གྱི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ …

Leave a Reply

Your email address will not be published. Required fields are marked *