ཁྲིམས་སྲུང་གཞི་བཙུགས་ཀྱི་ཉིནམ་ བརྩི་སྲུང་འབད་བའ་ིབསྒང་།

མི་དབང་མཆོག་གིས་ ཤེས་ཡོན་མེད་པའི་ ཁྲིམས་སྲུང་དམག་སློབ་༡༠༩ ལུ་ གོ་གནས་ཡར་སེང་གནང་ཡོདཔ།

༉ ཁྲིམས་སྲུང་འགག་སྡེའི་སློབ་དཔོན་ལ་ལོ་ཅིག་ ཤེས་ཡོན་མེདཔ་ལས་ གོ་གནས་ཡར་སེང་གི་ ཆོས་རྒྱུགས་མཐར་འཁྱོལ་མ་ཚུགས་པར་ སེམས་ཕམ་བྱུང་སྟེ་ དགོངས་ཞུ་འབད་དོ་ཡོད་པའི་ ལོ་རྒྱུས་ཚུ་ ཐོན་ཡོདཔ་ཨིན་རུང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སློབ་དཔོན་༡༠༩ ལུ་ གསོལ་རས་བཟུམ་ཅིག་སྦེ་ གོ་གནས་ཡར་སེང་གནང་ཡོདཔ་སྦེ་ ཁ་ཙ་ ཁྲིམས་སྲུང་གཞི་བཙུགས་ཀྱི་ཉིནམ་༥༢ པ་ བརྩི་སྲུང་འབད་བའི་སྐབས་ ཁྲིམས་སྲུང་འགག་སྡེའི་ གཙོ་འཛིན་གྱིས་བཤད་ཅི།
ཁྲིམས་སྲུང་འགག་སྡེའི་གཙོ་འཛིན་ དམིག་སྲིད་འཆི་མེད་རྡོ་རྗེ་གིས་ འབད་བ་ཅིན་ སློབ་དཔོན་༡༠༩ ལུ་ ཡོན་ཏན་མེད་དེ་འབད་རུང་ ད་ལྟོ་ཚུན་ཚོད་ གཞུང་ལུ་ ཐ་དམ་ཚིག་གཙང་མའི་ཐོག་ལས་ ཤ་ཚ་ཧིང་ཚ་སྦེ་ ཕྱག་ཞུ་མི་ལུ་བརྟེན་ བཙག་འཐུ་ཚོགས་པ་ཅིག་བཟོ་ཞིནམ་ལས་ ལྕོགས་གྲུབ་ཡོད་མི་ཚུ་ གདམ་འཐུ་འབད་དེ་ མི་དབང་མཆོག་ལུ་ དགོངས་སྐོར་ཞུ་ཡོདཔ་བཞིན་དུ་ཁོང་ལུ་ གོ་གནས་ཡར་སེང་གི་ གསོལ་རས་གནང་ཡི་ཟེར་ཨིན་པས།
དེ་འབདཝ་ལས་ སློབ་དཔོན་གཞན་ཚུ་གིས་འབད་རུང་ ཁོང་སློབ་དཔོན་ཚུ་ལུ་ དཔེ་བལྟ་ཞིནམ་ལས་ ཡོན་ཏན་མེད་རུང་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཕྱག་ཞུ་བ་ཅིན་ གསོལ་རས་དེ་བཟུམ་འཐོབ་ནི་ཨིནམ་ལས་ སེམས་ཤུགས་བསྐྱེད་དེ་ གཞུང་ལུ་ ཕྱག་ཞུ་དགོཔ་ཁག་ཆེ་ཟེར་བཤད་ཅི།
དེ་བཟུམ་སྦེ་ འགག་སྡེའི་འགོ་དཔོན་དང་ དམག་སློབ་ཚུ་ཡང་ མི་དབང་མཆོག་གིས་ གསོལ་རས་སྦེ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བའི་སྲུང་སྐྱོབ་དམག་སྡེ་ནང་ ལོ་ངོ་གཅིག་གི་རིང་ ཕྱི་རྒྱལ་ཁབ་གཞན་དང་ འབྲེལ་བ་འཐབ་ནི་དང་ ཡོན་ཏན་ཚུ་ སྦྱང་ནིའི་གོ་སྐབས་གནང་སྟེ་ཡོདཔ་ལས་ རྩ་བ་གསུམ་ལུ་ ཐ་དམ་ཚིག་གཙང་མའི་ཐོག་ལས་ ཅི་ལྕོགས་གང་ལྕོགས་ཀྱི་སྒོ་ལས་ ཕྱག་ཕྱིད་གང་དྲག་ཞུ་དགོ་ཟེར་ ཁྲིམས་སྲུང་འགག་པའི་ གཙོ་འཛིན་གྱིས་ བཤད་ཅི།
དེ་ལས་ ད་རེས་ནངས་པར་ དུས་ཀྱི་འཕོ་འགྱུར་དང་ རྒྱལ་ཁབ་ཀྱི་ གནས་སྟངས་དང་འཁྲིལ་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ དམག་མི་མང་ཤོས་ཅིག་ དམག་གསར་སྐབས་ཀྱི་ སྦྱོང་བརྡར་རྐྱངམ་གཅིག་ལས་ལྷག་སྟེ་ སྦྱོང་བརྡར་གཞན་ཚུ་ མ་ཐོབ་པར་ལུས་ཡོདཔ་ལས་ ད་ལས་ཕར་ དམག་སློབ་ག་ར་ལུ་ ལོ་ངོ་༥ དང་༨ གི་བར་ན་ སྦྱོང་བརྡར་ཚར་རེ་ བྱིན་ནིའི་ལས་རིམ་ཚུ་ཡང་བཟོ་སྟེ་ ལྕོགས་གྲུབ་དང་ལྡནམ་སྦེ་ བཟོ་ནི་གི་ ཐབས་ལམ་ཡོད་ཟེར་ཨིན་པས།
དེ་མ་ཚད་ འགོ་དཔོན་དང་ དམག་སློབ་ཚུ་ གནས་སོར་ཕོག་པའི་སྐབས་ ལམ་བར་ན་ ཞག་ལུས་པ་ཅིན་ བཟའ་ཚང་དང་གཅིག་ཁར་ དཀའ་ངལ་ཚུ་ ལེ་ཤ་བྱུང་དོ་ཡོདཔ་ལས་ དེ་ལུ་དམིགས་ཏེ་ ད་ལས་ཕར་ དཀའ་ངལ་མི་འཐོན་ནི་གི་དོན་ལུ་ རྫོང་ཁག་ཚུ་ནང་ ཞག་ཉལ་སའི་སྡོད་སྒར་རེ་ རྐྱབ་ནི་ཨིན་ཟེར་ཨིན་པས།
རྒྱལ་ཁབ་ཀྱི་ ཁྲོམ་ཚུ་ནང་ལས་ཕར་ མི་སེར་གྱི་མཐའ་དོན་དང་ སྲུང་སྐྱོབ་ལུ་དམིགས་ཏེ་ སི་སི་ཊི་བི་པར་ཆས་ཚུ་ བཙུགས་དགོཔ་སྦེ་ མི་དབང་མཆོག་གིས་ སྤྱི་ལོ་༢༠༡༣ ལུ་ བཀའ་རྒྱ་མི་གནང་མི་དང་འཁྲིལ་ ཐིམ་ཕུག་ཁྲོམ་ཁར་ སི་སི་ཊི་བི་པར་ཆས་༢༣ བཙུགས་ཚར་ཏེ་ ལག་ལེན་ལེགས་ཤོམ་སྦེ་ འཐབ་དོ་ཡོདཔ་མ་ཚད་ འགག་སྡེའི་ ལཱ་འགན་ལུ་ཡང་ ཕན་ཐོགས་སྦོམ་སྦེ་ར་ བྱུང་ཡོདཔ་ལས་ དུས་ཅི་ སྤྱི་ཟླ་༡༢ པའི་ནང་འཁོད་ལུ་ ཁྲོམ་གྱི་ས་ཁོངས་ཚུ་ནང་ སི་སི་ཊི་བི་པར་ཆས་༡༢༠ བཙུགས་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
རྒྱལ་གཞུང་འབྲུག་གི་འགག་སྡེའི་ ལཱ་འགན་ངོ་མ་དེ་ སྒྲིག་དང་ཁྲིམས་ལུགས་ རྒྱུན་སྐྱོང་འཐབ་ནི་དང་ ཉེས་ལས་སྔོན་འགོག་འབད་ནི་ཨིནམ་ལས་ ཆ་འོག་ཁག་གི་ འགོ་བདག་དང་ སྡེ་ཚན་ཁག་གི་འགོ་དཔོན་ དེ་ལས་ སློབ་དམག་ཡོངས་ཀྱིས་ འགན་ཁུར་ཐེབས་འབག་སྟེ་ ཐབས་ལམ་དང་འཆར་གཞི་ཚུ་ ལེགས་ཤོམ་བརྩམ་སྟེ་ ཉེས་ལས་མར་ཕབ་རྐྱབ་དགོཔ་ཁག་ཆེ་ཟེར་ དམིག་སྲིད་ འཆི་མེད་རྡོ་རྗེ་གིས་ བཤད་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *