༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཉིན་གྲངས་བཅུ་ཐམ་གྱི་རིང་ ལྷོ་ཕྱོགས་རྫོང་ཁག་ ཆུ་ཁ་དང་ བསམ་རྩེ་ལུ་ གཟིགས་སྐོར་གནང་པའི་ཤུལ་ལས་ ལོག་རྒྱལ་ས་ལྟེ་བ་ལུ་ ཕེབས་གནང་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ རྒྱལ་ས་ལྟེ་བ་ལུ་ མ་བྱོན་པའི་ཧེ་མར་ ཆུ་ཁ་རྫོང་ཁག་འོག་གི་ དམག་མི་བགྲེསཔ་དང་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་དང་གཅིག་ཁར་ མཇལ་ཕྲད་གནང་ཡོདཔ་ཨིན་པས།
དེ་མ་ཚད་ བསམ་རྩེ་གྲྭ་ཚང་དང་ རྫོང་ཁག་གི་ འགོ་དཔོན་ཚུ་དང་ མཇལ་ཕྲད་གནང་ཡོདཔ་བཞིན་དུ་ བཀྲིས་ཆོས་གླིང་ མཱན་དིར་ལྷ་ཁང་ནང་བྱོན་ཏེ་ གཱ་ནིཤ་སྐུ་འདྲ་ཅིག་ ཕུལ་གནང་ནུག།
མི་དབང་མཆོག་གིས་ བཀྲིས་ཆོས་གླིང་ལུ་ དམག་མི་བགྲེསཔ་ཚུ་དང་ མཇལ་ཕྲད་གནང་ཡོདཔ་མ་ཚད་ རྒྱལ་པོའི་ཡིག་ཚང་གིས་ དམག་སྡེའི་ཨམ་སྲུ་ཚུ་ལུ་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་གི་ལྟེ་བ་ རྐྱབ་ཡོད་མི་ལུ་ཡང་ གཟིགས་སྐོར་གནང་ནུག།
མི་དབང་འབྲུག་རྒྱལ་བཞི་པ་མཆོག་ དགུང་ལོ་༦༠ བཞེས་པའི་དུས་སྟོན་དང་འབྲེལ་ མི་དབང་མཆོག་གི་བཀའ་བཞིན་དུ་ སྤྱི་ལོ་༢༠༡༥ ལུ་ བསམ་རྩེ་ལུ་ བཟོ་སྐྲུན་འབད་མི་ ཤི་བ་ལ་ཡ་ མཱན་དིར་ནང་ཡང་ བྱོན་གནང་ནུག།
མི་དབང་མཆོག་གིས་ བསམ་རྩེ་ཤེས་རིག་སྤེལ་ཁང་གི་ སློབ་ཕྲུག་ཚུ་དང་གཅིག་ཁར་ཡང་ མཇལ་ཕྲད་གནང་ཡོདཔ་ད་ རྫོང་ཁག་གི་ དམག་མི་དང་ ཁྲིམས་སྲུང་འགག་པ་བགྲེསཔ་ཚུ་དང་ཡང་ མཇལ་ཕྲད་གནང་ནུག།
ཕུན་ཚོགས་གླིང་ལུ་འབད་བ་ཅིན་ མི་དབང་མཆོག་གིས་ རྒྱལ་འཛིན་གཞུང་སྐྱོང་དང་ཐབས་རིག་སྤེལ་ཁང་ནང་ ཕྱི་འབྲེལ་ཞབས་ཏོག་ལས་རིམ་ འགོ་འབྱེད་གནང་ཡོདཔ་ད་ ལུང་ཕྱོགས་ཁག་གི་ འགོ་དཔོན་ཚུ་དང་མཇལ་ཕྲད་གནངམ་མ་ཚད་ ཨ་མོ་ཆུ་ས་ཆ་སླར་བཅོས་དང་ ཁྲོམ་སྡེ་གོང་འཕེལ་གྱི་ ལས་འགུལ་ནང་ཡང་ གཟིགས་ཞིབ་གནང་ཡོད་པའི་གནས་ཚུལ།
སྐད་སྒྱུར་ བཀྲིས་བསྟན་འཛིན།