མི་དབང་མཆོག་གི་ སྐྱིད་སྡུག་ལས་ ཏུར་སར་སྡོད་མི་ཚུ་ལུ་ ཕན་ཁྱད་ལེ་ཤ་བྱུང་ཡོདཔ།

༉ ཕྱི་རུའི་ཆུ་ཚོད་༣.༣༠ དེ་ཅིག་ཁར་ ཏུར་ས་གཙང་ཆུའི་མཐའ་མར་ གནས་སྐབས་ཀྱི་ སྡོད་ཁྱིམ་ས་ཁོངས་ནང་ སྐད་དེ་ཅིག་ར་མེད་རུང་ ཨ་ལི་ལས་ སྐད་གོཝ་བཞིན་དུ་ ལེགས་ཤོམ་སྦེ་ ཉན་བལྟ་བའི་སྐབས་ བུཚ་༣ མར་བཱོལ་རྩེདམོ་རྩེ་སྡོད་སར་ མཐོངམ་ཨིན་པས།

སྐྱེས་ལོ་༩ ལང་མི་ བསོད་ནམས་རྡོ་རྗེ་གིས་ ནཱ་ལུ་ ལྷོད་པའི་ཤུལ་ལས་རྐྱངམ་གཅིག་ གཅིག་གིས་གཅིག་ལུ་ ངོ་ཤེས་ཅི་ཟེར་ སླབ་ཨིན་པས།

ཕུན་ཚོགས་གླིང་གི་ ས་མཚམས་ཕྱི་ཁ་ལས་ འབྲུག་མི་ཚུ་ ཏུར་སའི་གནས་སྐབས་ཀྱི་ སྡོད་ཁྱིམ་ནང་ སྤོ་བཤུད་འབད་དེ་ ད་ལྟོ་ ཟླཝ་༩ ལྷགཔ་ཅིག་ ལང་དོ་ཡོདཔ་ཨིན་པས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཀའ་རྒྱ་དང་འཁྲིལ་ཏེ་ འབྲུག་གི་བསྟན་སྲུང་དམག་མི་གིས་ ཏུར་ས་ལུ་ གནས་སྐབས་ཀྱི་ སྡོད་ཁྱིམ་ཚུ་ རྐྱབ་ཡོདཔ་ད་ ཁང་ཚན་༡,༠༠༠ རྐྱབ་མིའི་ནང་ མི་༥,༠༠༠ དེ་ཅིག་ སྡོད་དོ་ཡོདཔ་ཨིན་པས།

ད་རེས་ ས་གནས་ནང་ སྡོད་མི་ཚུ་གིས་ སྐྱིད་སྡུག་སྦེ་ གནས་སྐབས་ཀྱི་ སྡོད་ཁྱིམ་མ་ཐོབ་པའི་ཧེ་མར་ ཁོང་རའི་ མི་ཚེ་གནས་སྟངས་གཟིགས་ཡོདཔ་ལས་ ད་རེས་ སྟབས་བདེ་ཏོག་ཏོ་སྦེ་ སྡོད་ཚུགས་མི་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཀའ་དྲིན་ལུ་བརྟེན་ཨིན་ཟེར་ དེ་ཁར་སྡོད་མི་ཚུ་གིས་ བཤདཔ་ཨིན་པས།

སྐྱེས་ལོ་༣༧ ལང་མི་ རྟེན་འབྲེལ་མཚོ་མོ་གིས་ མི་དབང་མཆོག་ལུ་ བཀྲིན་དགའ་ཚོར་ ག་དེ་སྦེ་ བསམ་ནི་ཨིན་ན་ མ་ཤེས་པར་ཡོདཔ་ད་ མོ་ལུ་ ཕམ་ཡ་ཅིག་ལས་བརྒལ་མེདཔ་ལས་ མི་ཚེ་ག་དེ་སྦེ་ སྐྱོང་ནི་ཨིན་ན་ མགུ་འཐོམ་ཏེ་ སྡོད་པའི་བར་ སྡོད་ཁྱིམ་དེ་གིས་ མོ་ལུ་ སེམས་ཤུགས་ཐོབ་ཅི་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ སྡོད་གནས་གནས་རྐྱངམ་གཅིག་མེན་པར་ ཟླ་རིམ་བཞིན་དུ་ སྐྱིད་སྡུག་སྦེ་ དངུལ་ཀྲམ་༨,༥༠༠ རེ་ ཐོབ་དོ་ཟེར་ཨིནམ་ད་ ན་ཧིང་ སྤྱི་ཟླ་༣ པ་ལས་ ཟླཝ་༩ གི་རིང་ འབྲུག་རྒྱལ་པོའི་རྒུད་སོའི་སྐྱིད་སྡུག་ཐོབ་ཅི་ཟེར་ཨིན་པས།

རྟེན་འབྲེལ་མཚོ་མོ་ལུ་ བུམོ་༢ ཡོདཔ་བཞིན་དུ་ སློབ་གྲྭ་ནང་ འགྱོ་དོ་ཡོདཔ་ད་ མོ་གིས་ འཚོ་བ་སྐྱོང་ནིའི་དོན་ལུ་ ཐགས་འཐག་དོ་ཡོདཔ་མ་ཚད་ ནམ་ཅིག་གི་ཚེ་ གཏན་འཇགས་ཀྱི་ ལཱ་གཡོག་འཐོབ་ནི་གི་ རེ་བ་བསྐྱེདཔ་ཨིན་པས།

མོ་གིས་འབད་བ་ཅིན་ སྡོད་ཁྱིམ་དང་ རྒུད་གསོའི་མ་དངུལ་བརྩིས་ཏེ་ སྐྱིད་སྡུག་༢ ཐོབ་སྟེ་ཡོདཔ་ལས་ མི་དབང་མཆོག་ལུ་ སེམས་ཀྱི་གདིང་ལས་ར་ དགའ་ཚོར་ཡོདཔ་བཞིན་དུ་ མི་དབང་མཆོག་ སྐུ་ཚེ་རིང་བཅུག་ཟེར་ དུས་རྒྱུན་དུ་ སྨོན་ལམ་བཏབ་དོ་ཟེར་ཨིན་པས།

གནས་སྐབས་ཀྱི་ ཁྱིམ་ནང་སྡོད་མི་གཞན་ སྐྱེས་ལོ་༢༧ ལང་མི་ ཨོ་རྒྱན་ཆོས་སྒྲོན་དེ་ཡང་ ནད་ཡམས་ཐོན་པའི་སྐབས་ ས་མཚམས་ཀྱི་ཕྱི་ཁར་ སྡོད་ཡོདཔ་བཞིན་དུ་ ཟླ་རིམ་བཞིན་དུ་ ཁང་གླ་དངུལ་ཀྲམ་༩,༠༠༠ དང་ སྤྱོད་འཐུས་གཞན་ཚུ་ སྤྲོད་སྡོད་ཅི་ཟེར་ མོ་གིས་ བཤདཔ་ཨིན་པས།

མ་གཞི་ མོ་རའི་རྨགཔ་ ཚོང་འབྲེལ་འཐབ་སྡོད་མི་ཅིག་ཨིན་རུང་ ནད་ཡམས་དེ་གིས་ བར་ཆད་རྐྱབ་ཡོདཔ་ད་ སྡོད་ཁྱིམ་ཚུ་ སྐྱིད་སྡུག་སྦེ་ གནང་མི་དེ་གིས་ དཀའ་ངལ་སེལ་ནི་ལུ་ ལྷན་ཐབས་འབད་ཡོདཔ་ཨིན་པས།

འཕྲལ་ཁམས་ཅིག་ཁར་ལས་ ནང་གི་ཨམ་ ཨོ་རྒྱན་ཆོས་སྒྲོན་གྱིས་ འབྲུག་རྒྱལ་པོའི་རྒུད་སོའི་སྐྱིད་སྡུག་ མ་དངུལ་འཐོབ་ནི་ འགོ་བཙུགས་ཡོདཔ་ད་ སློབ་རིམ་༡༢ པ་ལྷབ་མི་ལུ་ འགོ་བཙུགས་པའི་སྐབས་ རྒུད་གསོའི་སྐྱིད་སྡུག་ལས་ བརྒྱུད་འཕྲིན་ལྷོད་ཡོད་རུང་ མོ་གིས་ དེ་བསྒང་ སྟབས་བདེ་ཏོག་ཏོ་ཡོདཔ་ལས་ སྐྱིད་སྡུག་མི་ཞུ་ཟེར་ སླབ་ཡོདཔ་ཨིན་པས།

ཨིན་རུང་ མོ་གིས་འབད་བ་ཅིན་ འགྲུལ་སྐྱོད་བཀག་དམ་༢ པའི་སྐབས་ ཐབས་ར་མེན་པར་ རྒུད་གསོའི་སྐྱིད་སྡུག་ལེན་དགོཔ་བྱུང་ཡི་ཟེར་ཨིནམ་ད་ མི་དབང་མངའ་བདག་རིན་པོ་ཆེའི་ མངའ་འོག་ལུ་ ལོག་སྟེ་ར་ འབྲུག་མི་སྦེ་ སྐྱེ་ནི་གི་ སྨོན་ལམ་བཏབ་དོ་ཟེར་ཨིན་པས།

ནད་ཡམས་མ་ཐོན་པའི་ཧེ་མ་ ཟད་འགྲོ་བཏང་མ་ཚུགས་མི་ལུ་བརྟེན་ འབྲུག་མི་མང་ཤོས་ཅིག་གིས་ ས་མཚམས་ཕྱི་ཁར་ སྡོད་ནི་ལུ་ གདམ་ཁ་རྐྱབ་ཡོདཔ་ད་ མང་ཤོས་ར་ འོང་འབབ་ཆུང་བའི་ སྡེ་རིམ་གྱི་ མི་ཚུ་ཨིན་པས།

ན་ཧིང་ སྤྱི་ཟླ་༣ པའི་ཚེས་༢༣ ལུ་ ཕུན་ཚོགས་གླིང་གི་ འགེགས་སྲུང་སྒོ་ར་དེ་ སྒོ་བསྡམས་པའི་ཤུལ་ལས་ ས་མཚམས་ཕྱི་ཁར་སྡོད་མི་ འབྲུག་མི་ཚུ་ ལམ་རྒྱ་གྲམ་ནང་ ལྷོད་པའི་གནས་སྟངས་བཟུམ་ ཚོར་སྣང་བྱུང་ཡོདཔ་ཨིན་པས།

ཨིན་རུང་ ས་མཚམས་ཕྱི་ཁར་སྡོད་མི་ཚུ་ ཕུན་ཚོགས་གླིང་གི་ སློབ་གྲྭ་ཚུ་ནང་ གནས་སྐབས་ཀྱི་ ཁྱིམ་བཟོ་ཐོག་ལས་ ཁྱིད་འོང་ནི་ འགོ་བཙུགས་ཡོདཔ་ད་ ཏུར་ས་ལུ་ གནས་སྐབས་ཀྱི་ སྡོད་ཁྱིམ་རྐྱབ་ཚར་བའི་ཤུལ་ལས་ ཁོང་ཆ་ཁྱབ་ དེ་ནང་ སྤོ་བཤུད་འབད་ཡོདཔ་ཨིན་པས།

ལས་འཛིན་ཅིག་ནང་ སྲུང་རྒྱབ་སྦེ་ ལཱ་འབད་མི་ སྐྱེས་ལོ་༥༩ ལང་མི་ བློ་བཟང་གིས་ སླབ་མིའི་ནང་ ཁོ་ར་ ས་མཚམས་ཕྱི་ཁར་ སྡོད་པའི་སྐབས་ ཟླ་རིམ་གྱི་ དངུལ་ཕོགས་ལས་ ཕྱེད་ཀ་ལྷགཔ་ཅིག་ ཁང་གླ་སྤྲོད་ནི་ཡོད་ཟེར་ཨིན་པས།

དེ་བསྒང་ གློག་མེ་དང་ ཆུའི་སྤྱོད་འཐུས་ ལེ་ཤ་སྤྲོད་དགོཔ་ བྱུང་ཡོད་རུང་ ད་རེས་ གནས་སྐབས་ཀྱི་ སྡོད་ཁྱིམ་ནང་ ཁང་གླ་སྤྲོད་མ་དགོ་པའི་ཁར་ ཉེན་སྲུང་དང་ལྡནམ་སྦེ་ དགའ་ཏོག་ཏོ་འདུག་ཟེར་ བློ་བཟང་གིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ གནས་སྐབས་ཀྱི་ སྡོད་ཁྱིམ་ནང་ སྡོད་མི་ག་ར་ མི་དབང་མཆོག་ལས་ སྐྱིད་སྡུག་ཐོབ་ཡོདཔ་ལས་ ཁོ་གི་ཁ་ཐུག་ལས་ མི་དབང་མཆོག་ལུ་ བཀྲིན་དགའ་ཚོར་དང་ མི་དབང་མཆོག་གི་ མཛད་པ་འཕྲིན་ལས་ཚུ་ དར་ཞིང་རྒྱས་བཅུག་ཟེར་ སྨོན་ལམ་བཏབ་བཞིན་དུ་ཡོད་ཟེར་ཨིན་པས།

སྐྱེས་ལོ་༣༢ ལང་མི་ ནིར་རའེ་གིས་ སླབ་མིའི་ནང་ གནས་སྐབས་ཀྱི་ སྐྱིད་སྡུག་སྡོད་ཁྱིམ་ལུ་བརྟེན་ ཕུན་ཚོགས་གླིང་ལུ་ སྡོད་ནི་གི་ གོ་སྐབས་ཐོབ་ཅི་ཟེར་ཨིནམ་ད་ དེ་མེན་ ཁྱིམ་གྱི་ཁང་གླ་ མཐོ་དྲགས་ལུ་བརྟེན་ སྡོད་མ་ཚུགསཔ་འོང་ཟེར་ཨིན་པས།

སློབ་རིམ་༧ པའི་ནང་ དཔེ་ཆ་ལྷབ་མི་ འཆི་མེད་དབང་མོ་གིས་ སླབ་མིའི་ནང་ གནས་སྐབས་ཀྱི་ སྡོད་ཁྱིམ་ནང་ སྡོད་ནི་གི་ གོ་སྐབས་ཐོབ་ཡོདཔ་ལས་ སེམས་དགའ་བའི་ཁར་ ཆ་རོགས་ཡང་ ལེ་ཤ་བཟོ་ཚུགས་ཅི་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།



ཏུར་ས་ལུ་ གནས་སྐབས་ཀྱི་ སྡོད་ཁྱིམ་ས་ཁོངས་ནང་ བུཚ་༣ མར་བཱོལ་རྩེདམོ་རྩེ་སྡོད་པའི་བསྒང་།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *