མི་དབང་མངའ་ཞབས་མཆོག་ ལ་ཡ་ལུ་ རྒྱལ་འཛིན་ལ་ཁའི་དགའ་སྟོན་ནང་ དབུ་བཞུགས་མཛད་གནང་ཡོདཔ།

༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མགར་ས་རྫོང་ཁག་ ལ་ཡ་ལུ་ རྒྱལ་འཛིན་ལ་ཁའི་དགའ་སྟོན་ཐེངས་༥ པའི་ནང་ དབུ་བཞུགས་མཛད་གནང་ཡོདཔ་བཞིན་དུ་ ཉིནམ་༢ འབད་མི་ ལས་རིམ་དེ་ ད་རིས་ མཇུག་བསྡུ་ནི་ཨིན་པས།

དགའ་སྟོན་དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ལོ་༢༠༡༦ ལུ་ ལ་མཐོ་སར་ སྡོད་མི་ཚུ་གི་ ཐུན་མོང་མ་ཡིན་པའི་ ལས་སྲོལ་དང་ མཛེས་ཆ་དང་ལྡན་མའི་ མཐོང་སྣང་ཚུ་ གསལ་སྟོན་འབད་ནིའི་དོན་ལུ་ ལོ་བསྟར་གྱི་ ལས་རིམ་ཅིག་སྦེ་ འགོ་བཙུགས་གནང་ནུག།

འབྲུག་ལུ་ གཞིས་ཆགས་མི་ ལ་མཐོ་ཤོས་ ལ་ཡ་ལུ་ འགོ་འདྲེན་འཐབ་མི་ དགའ་སྟོན་ནང་ རྫོང་ཁག་༡༠ ལས་ ལ་ཁར་སྡོད་མི་ཚུ་གིས་ རང་སོའི་གཞན་དང་མ་འདྲཝ་བའི་ གྱོན་ཆས་དང་ ལམ་སྲོལ་ ཐོན་སྐྱེད་ཚུ་ གསལ་སྟོན་འབད་བའི་བསྒང་ཡོདཔ་ཨིན་པས།

འབྲུག་གི་ལ་ཁའི་མི་སྡེ་ཚུ་ རྒྱལ་ཁབ་ཀྱི་ ས་གནས་མཐའ་ཟུར་ལུ་ སྡོད་མི་ཨིནམ་ལས་ དཀའ་སྡུག་ག་དེ་སྦེ་ར་ཡོད་རུང་ ཁོང་གིས་ གདོང་ལེན་འབད་དེ་ འཚོ་བ་སྐྱོངམ་བཞིན་དུ་ ལོ་མཐོ་སར་ གཞིས་ཆགས་མི་ གཡུས་ཚན་ཚུ་ སྔར་བཟུམ་སྦེ་ རང་བཞིན་གྱི་ མཛེས་ཆ་དང་ལྡནམ་སྦེ་ མཐོང་གསལ་བྱུངམ་ཨིན་པས།

རྒྱལ་འཛིན་ལ་ཁའི་དགའ་སྟོན་གྱིས་ དེ་ནང་འོང་མི་དང་ ལྟ་སྐོརཔ་ཚུ་ལུ་ ལ་ཁའི་མི་སེར་ཚུ་གི་ འཚོ་བའི་གནས་སྟངས་དང་ སྡོད་ཐངས་ཚུ་གི་སྐོར་ལས་ ཤེས་མྱོང་འཐོབ་ནི་དང་ ཁོང་མི་སེར་ཚུ་གི་དོན་ལུ་ རྒྱལ་སྤྱི་དང་ ནང་འཁོད་ལྟ་བཤལ་ཐོག་ལས་ འོང་འབབ་ཡར་སེང་འབད་ནིའི་ གོ་སྐབས་ཅིག་ཡང་ བྱིནམ་ཨིན་པས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ལ་ཡ་ལུ་ ཕེབས་མ་གནང་པའི་ཧེ་མར་ མོང་སྒར་རྒྱལ་པོའི་ཞིང་ལུ་ བྱོན་ཡོདཔ་བཞིན་དུ་ དེ་བསྒང་ ཀུར་རི་ཟམ་པ་དང་ རྒྱལ་པོའི་ཞིང་གི་བར་ན་ འཁོར་ལམ་ཀི་ལོ་མི་ཊར་༧.༣ བསལ་ནིའི་དོན་ལུ་ ལཱ་འབད་མི་ བདེ་སྲུང་རྒྱལ་ཡོངས་ཞབས་ཏོག་ལས་སེལ་ལས་འགུལ་ནང་ ཆིབས་སྐྱོད་གནང་ཡོདཔ་ཨིན་པས།

སྡེ་ཚན་གྱིས་ འཁོར་ལམ་གུ་ རྩི་ནག་གཏང་ནི་ འགོ་བཙུགས་ཡོདཔ་ལས་ དུས་ཅི་ སྤྱི་ཟླ་༡༢ པའི་ནང་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོད་པའི་གནས་ཚུལ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *