༉ ཁ་ཙ་ སེམས་རྟོགས་ཁ་རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ སྤྱི་དོན་ཁང་ནང་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་མཐར་འཁྱོལ་མཛད་སྒོ་ཐེངས་༡༢ པའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༣,༠༠༡ ལུ་ གསུང་བཤད་གནང་ཡི།
དེ་ཡང་ མཐོ་རིམ་སློབ་ཕྲུག་ཚུ་གིས་ རང་འབྱུང་ཐོན་སྐྱེད་མཐོ་རིམ་སློབ་གྲྭ་དང་ ཚན་རིག་དང་ འཕྲུལ་རིག་མཐོ་རིམ་སློབ་གྲྭ་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭ་ རིག་གཞུང་མཐོ་རིམ་སློབ་གྲྭ་ འཇིགས་མེད་རྣམ་རྒྱལ་བཟོ་རིག་མཐོ་རིམ་སློབ་གྲྭ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭ་ ནང་པའི་གསོ་བ་རིག་པའི་སློབ་ཚོགས་ ཐིམ་ཕུག་རྒྱལ་འཛིན་མཐོ་རིམ་སློབ་གྲྭ་ཚུ་ལས་ སྤྱི་ལོ་༢༠༡༦ ལུ་ མཐར་འཁྱོལ་ཡོདཔ་ཨིན་པས།
ད་རིས་ ཁྱེད་མང་ཧད་རྫོགསཔ་ཅིག་མཐོངམ་ད་ གནམ་མེད་ས་མེད་ ངལ་རངསམ་མ་ཚད་ བློ་བདེ་བའི་ཁར་ ང་བཅས་རའི་ མ་འོངས་པའི་ མནོ་བསམ་བཏང་སྟེ་འབད་རུང་ ཁྱེད་ག་ར་ གཅིག་བ་གཅིག་ ཆོས་ཡོན་ཏན་སྦོམ་བལྟ་ སྒྲིང་སྒྲི་ཐལ་འབདཝ་ད་ ང་ཐེབས་ཅིག་ར་ བློ་བདེ་བས་ཟེར་ མི་དབང་མཆོག་གིས་ གསུངས་ཡི།
ད་རིས་ བློན་ཆེན་དང་ བློན་པོ་ དཔོན་ཁག་ དྲུང་ཆེན་ གཙུག་ལག་སློབ་དཔོན་ ཆེ་བསྟོད་ཅན་གྱི་འཐུས་མི་ དེ་ལས་ གཙུག་ལག་སློབ་སྡེའི་སློབ་དཔོན་ག་ར་ ནཱ་འཛོམས་སྡོད་མི་དེ་ ཁྱེད་ཀྱི་དོན་ལུ་ཨིན་ཟེར་གསུངས་ཡི།
མི་དབང་མཆོག་གིས་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ ཁྱེད་ལུ་ རྒྱབ་སྐྱོར་བྱིན་མི་ལུ་བརྟེན་ གྲུབ་འབྲས་གསལ་རིལ་རི་སྦེ་ཐོནམ་ད་ ཁྱེད་རའི་ཕམ་དང་ སྤུན་ཆ་དེ་ཚུ་ ག་ཅི་དེ་ཅིག་ ངལ་རངས་ཏེ་ སྡོད་སྡོདཔ་འོང་ཟེར་ གསུངས་པའི་ཁར་ ད་རེས་ནཱ་ མཐོ་རིམ་སློབ་གྲྭ་མཐར་འཁྱོལ་མི་ ཕོ་སྐྱེས་དང་ ཨམ་སྲུ་ཚུ་ གདོང་བསྒོར་རྐྱབ་སྟེ་སྡོད་སར་མཐོང་མི་དེ་ སློབ་དཔོན་ཚུ་གིས་ རང་སོའི་འགན་འཁྲི་ འཐུས་ཤོར་མེད་པར་ ཕྱག་ཞུ་བའི་ གྲུབ་འབྲས་ཨིནམ་ལས་ སློབ་དཔོན་ཚུ་ལུ་ཡང་ བཀྲིས་བདེ་ལེགས་ཡོད་ཟེར་གསུངས་ཡི།
ཕམ་ག་ཨིན་ཏེ་འབད་རུང་ ང་བཅས་ཀྱི་ རེ་བ་དང་ སྨོན་ལམ་འདི་ རང་གི་ཨ་ལོ་བུཚ་སྐྱེས་བའི་བསྒང་ལས་ ཁ་དང་གདོང་བལྟ་འབདཝ་ད་ ཆུང་རྐང་ཐང་དྲང་། སྦོམ་མི་གྲལ་བཙུགས། ལུས་ལུ་ན་ཚ་མེད་ སེམས་ལུ་སྡུག་བསྔལ་མེད་ ཆོས་ཡོན་ཏན་ཚུ་ ལེགས་ཤོམ་སྦེ་ མཐར་འཁྱོལ་ཏེ་ དགོ་ཆོདཔ་བཟོ་ནི་འདི་ཨིན་ཟེར་ མི་དབང་མཆོག་གིས་ གསུངས་པའི་ཁར་ ཁྱེད་ག་ར་གིས་ རང་གི་ཕམ་མའི་སྨོན་ལམ་ཚུ་གི་དོན་འགྲུབ་མ་ཚད་ རྒྱལ་ཁབ་ལུ་ ཕན་ཐོགསཔ་སྦེ་ ཕྱག་ཞུ་ནི་དང་ འགན་ཁག་འབག་ནི་གི་ དུམ་ཁར་ལྷོད་མི་ལུ་ བཀྲིས་བདེ་ལེགས་དང་གཅིག་ཁར་ ངལ་རངས་དང་ ཡིད་ཆེས་ཡོད་ཟེར་གསུངས་ཡི།
མི་དབང་མཆོག་གིས་ ད་རེས་ནངས་པའི་ དུས་རབས་འདི་ ཁྱད་དུ་འཕགས་པའི་དུས་རབས་ནང་ ཧེ་མ་ དུས་ནམ་ཡང་མ་བྱུང་མི་ གོ་སྐབས་ཚུ་ ད་རེས་ནངས་པར་ ཐོབ་དོ་ཡོདཔ་ཨིན་རུང་ འཛམ་གླིང་གི་ གནས་སྟངས་ལུ་ལྟཝ་ད་ དུས་ནམ་ཡང་མ་ཐོན་པའི་ ཉེན་ཁ་དང་ བརྟག་པ་བརྟན་པ་མེད་པའི་ དུམ་ཁ་ལུ་ ལྷོད་ནུག་ཟེར་གསུངས་ཡི།
མི་དབང་མཆོག་གིས་ སྤྱི་ལོ་༡༩༩༠ ལུ་ བརྡ་དོན་ཡོངས་འབྲེལ་ འགོ་བཙུགས་མིའི་སྐོར་ལས་དང་ འཕྲུལ་རིག་ཡར་རྒྱས་འགྱོ་བའི་ གནས་སྟངས་ལུ་ ཡིད་ཆེས་ཡོད་ལུགས་ གསུངས་གནང་ཡི།
འབྲུག་འདི་ སྐོབས་ཚུད་ཅན་གྱི་རྒྱལ་ཁབ་ རི་དང་བྱག་གི་རྒྱལ་ཁབ་ཨིན་པའི་ཁར་ བྱང་ཁ་ཐུག་ལུ་ ཁྱིམ་མཚེས་རྒྱལ་ཁབ་སྦོམ་ཤོས་ རྒྱ་ནག་དང་ ལྷོ་ཁ་ཐུག་ལུ་ རྒྱ་གར་རྒྱལ་ཁབ་འབདཝ་ད་ སྟོབས་ཤུགས་ཅན་གྱི་ རྒྱལ་ཁབ་༢ ཀྱི་བར་ན་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ ང་ཅས་རའི་ མི་སེར་གྱིས་སྦེ་འགན་འབག་ མི་སེར་གྱི་ལྕོགས་གྲུབ་དང་ རིག་པ་ལས་བརྟེན་ ཕྱག་ཕྱིད་ལེགས་ཤོམ་སྦེ་ཞུ་སྟེ་ རྒྱལ་ཁབ་འདི་ སྔར་བ་ལྷགཔ་སྦེ་ དགའ་ཏོག་ཏོ་དང་ སྐྱིད་ཏོང་ཏོ་ སྒྲིང་སྒྲི་དང་ ལེགས་ཤོམ་སྦེ་ར་ཡོད་ཟེར་ གསུངས་ཡི། ང་བཅས་རའི་ རྒྱལ་ཁབ་ནང་ ཆུནི་ག་ར་ གྲུབ་ཆུ་ཨིནམ་ཚད་ སནི་ག་ར་གནས་ཨིནམ་བཞིན་དུ་ དང་ཕུའི་ལྷོ་ལྗོངས་སྨན་ལྗོངས་རྒྱལ་ཁབ་ཟེར་ འབྲུ་སྣ་༩ པོ་ག་ར་འཚོ་ སྨན་གྱི་རིགས་ཡང་ག་ར་ རྒྱལ་ཁབ་ནང་སྐྱེས་མི་ལུ་བརྟེན་ ཨྱོན་རིན་པོ་ཆེ་གིས་ བྱིན་གྱིས་བརླབས་པའི་སྦས་ཡུལ་ འབྲུག་རྒྱལ་ཁབ་འདི་ ལྷག་པར་དུ་ ཕྱག་འཚལ་སའི་རྟེན་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ རྩ་བརྟན་བཟོ་གནང་ཡོད་ཟེར་གསུངས་ཡི།
འདི་འབདཝ་ལས་ མི་དབང་མཆོག་གིས་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་མི་ཚུ་ལུ་ ད་ལས་ཕར་ རྒྱལ་ཁབ་དང་ མི་སེར་ལུ་ ཕྱག་ཞུཝ་ད་ གནད་དོན་ཁག་གསུམ་ སེམས་ཁར་བཞག་དགོ་པའི་ བཀའ་སློབ་གནང་ཡི།
དེ་ཡང་ དོན་ཚན་དང་པ་འདི་ རྒྱལ་ཁབ་ཀྱི་ ཞི་བདེ་དང་ གཅིག་མཐུན་སྲུང་སྐྱོབ་འབད་ནི་འདི་ ག་དེ་དྲག་དྲག་ ཕྱག་ཞུ་དགོཔ་བཞིན་དུ་ འབྲུག་འདི་ རྒྱལ་ཁབ་ཆུང་ཀུ་ཅིག་ འབད་ནི་དེ་གིས་ ང་བཅས་རའི་ སྟོབས་ཤུགས་ངོ་མ་འདི་ མི་སེར་ཚུ་ག་ར་ ཁྱིམ་གཅིག་གི་ བཟའ་ཚང་བཟུམ་སྦེ་ ལགཔ་མཐུད་ མནོ་བསམ་གཅིག་ཁར་བཏང་སྟེ་ དམ་ཚིག་དཔང་བཙུགས་ རྩ་འགེངས་ཏེ་ ཕྱག་ཞུ་ནི་འདི་ཨིན་པས།
དོན་ཚན་གཉིས་པ་འདི་ རྒྱལ་ཁབ་ཀྱི་ མཐུན་མོང་མ་ཡིན་པའི་ ངོ་རྟགས་དང་ ལམ་སྲོལ་བཟངམ་འདི་ དུས་ནམ་ར་འབད་རུང་ ང་བཅས་ཀྱིས་ ཁག་ཆེཝ་སྦེ་བཞག་སྟེ་ ག་དེ་དྲག་དྲག་ བདག་འཛིན་འཐབ་དགོ། ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་ ལམ་སྲོལ་ཟེརཝ་ད་ མི་རིགས་དང་ ཆོས་ལུགས་ ལུང་ཕྱོགས་ལུ་མ་བལྟ་བར་ ནམ་ར་འབད་རུང་ ང་བཅས་ར་ འབྲུགཔ་ཨིན་ཟེར་ སླབ་ཚུགསཔ་སྦེ་ བཞག་དགོ་ཟེར་གསུངས་ཡི།
དེ་ལས་ དོན་ཚན་གསུམ་པ་དེ་ རྒྱུ་སྟོབས་འདི་ མི་སྟོབས་ཨིནམ་ལས་ ང་བཅས་རའི་ མ་འོངས་པའི་གནས་སྟངས་འདི་ ཁྱེད་ཀྱི་ལྕོགས་གྲུབ་དང་ ཁྱེད་ཀྱི་དམ་ཚིག་ ཁྱེད་ཀྱི་ལཱ་འབད་ཐངས་དང་འཁྲིལ་ཏེ་འགྱོ་འོང་ཟེར་ མི་དབང་མཆོག་གིས་ གསུངས་ཡི།
ད་རུང་ མི་དབང་མཆོག་གིས་ འབྲུག་མི་ཚུ་ལུ་ ཁྱད་ཆོས་བཟང་པོ་༥ ཡོད་མིའི་ནང་ལས་ ཁྱད་ཆོས་བཟང་ཤོས་དེ་ར་ ཐ་དམ་ཚིག་ཨིན་ཟེར་ གསུངས་པའི་ཁར་ རང་གཅིག་གི་ མཐའ་དོན་ལུ་ མ་བལྟ་བར་ སྤྱིར་བཏང་གི་ མཐའ་དོན་ལུ་ མནོ་བསམ་བཏང་ཤེསཔ་མ་ཚད་ རྒྱལ་ཁབ་ཀྱི་ ཕན་གནོད་དབྱེ་བ་ཕྱེ་ཤེས་མི་གི་ མི་ཨིནམ་སྦེ་ གསུངས་ཡོད་པའི་གནས་ཚུལ།
རིག་འཛིན་དབང་ཕྱུག།