མི་དབང་མངའ་ཞབས་མཆོག་གིས་ རྫོང་ཁག་༦ ནང་ ཆིབས་སྐྱོད་གནང་ཡོདཔ།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྤུ་ན་ཁ་དང་ ཀྲོང་གསར་ བུམ་ཐང་ མོང་སྒར་ བཀྲིས་གཡང་རྩེ་ དེ་ལས་ བཀྲིས་སྒང་ལུ་ ཆིབས་སྐྱོད་གནང་སྟེ་ ཁ་ཙ་ རྒྱལ་ས་ལྟེ་བ་ལུ་ ལོག་ཕེབས་གནང་ནུག།

ཆིབས་སྐྱོད་སྐབས་ མི་དབང་མཆོག་གིས་ རྫོང་ཁག་དེ་ཚུ་ནང་ བདེ་སྲུང་རྒྱལ་ཡོངས་ཞབས་ཏོག་ཆུའི་ལས་འགུལ་དང་ བདེ་སྲུང་རིག་རྩལ་ལས་རིམ་གྱི་ སྦྱོང་བརྡར་ལྟེ་བ་ཚུ་གིས་མ་དོ་བར་ མཐོ་རིམ་སློབ་གྲྭ་དང་ གཙུག་སྡེ་ཚུ་ནང་ གཟིགས་ཞིབ་གནང་ཡོདཔ་ཨིན་པས།

སྤྱི་ལོ་༢༠༢༠ ཟླ་༡༡ པ་ལས་ཚུར་ རྒྱལ་ཡོངས་ཞབས་ཏོག་ཆུའི་ལས་འགུལ་༢༥ འགོ་བཙུགས་མི་ལས་༡༤ མཇུག་བསྡུ་སྟེ་ ཁེ་ཕན་སྤྱོད་མི་ མི་སྡེ་ཚུ་ལུ་ རྩིས་སྤྲོད་ཡོདཔ་ད་ མི་དབང་མཆོག་གིས་ སྤུ་ན་ཁ་གུ་མ་ལུ་ སྤྱི་ཟླ་༩ པའི་ཚེས་༢༥ ལུ་ འགོ་འབྱེད་འབད་མི་ རྒྱལ་ཡོངས་ཞབས་ཏོག་ཆུའི་ལས་འགུལ་དང་པའི་ སྡེ་ཚན་དང་ མཇལ་ཕྲད་གནང་ཡོདཔ་ཨིན་པས།

ལས་འགུལ་འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ བུམ་ཐང་སྟང་སི་སྦིས་དང་ ཤིང་གཉེར་ མོང་སྒར་རྒྱལ་པོའི་ཞིང་ བཀྲིས་གཡང་རྩེ་ཁྱི་ཉལ་ དེ་ལས་ བཀྲིས་སྒང་ཨུ་མཛོ་རོང་ལུ་ཡང་ མི་དབང་མཆོག་གིས་ གཟིགས་སྐོར་གནང་ནུག།

བདེ་སྲུངཔ་ཚུ་གིས་ རྒྱལ་ཁབ་ལུ་ ཕན་རླབས་ཆེ་བའི་ ཞབས་ཏོག་ཞུ་མི་དེ་ལུ་ མི་དབང་མཆོག་གིས་ བཀྲིན་དགའ་ཚར་ཡོད་ལུགས་ གསུངས་གནང་མི་དེ་ཡང་ ལས་འགུལ་ཚུ་ལུ་བརྟེན་ རྒྱལ་ཁབ་ནང་འཁོད་ཀྱི་ མི་སེར་སྟོང་ཕྲག་ལས་བཅད་དེ་ ཕན་ཐོགས་འབྱུང་ནི་ཨིནམ་ད་ ན་གཞོན་ཚུ་གིས་ ཤ་ཚ་ཧིང་ཚ་དང་ དད་དམ་ལྷད་མེད་ཀྱི་སྒོ་ལས་ ལཱ་རྩ་འགེངས་འབད་མི་དེ་ལུ་ ཐུགས་ངལ་རངས་ཡོད་ལུགས་ གསུངས་གནངམ་དང་འབྲེལ་ མི་དབང་མངའ་ཞབས་མཆོག་གིས་ ན་གཞོན་ཚུ་ལུ་ བདེ་སྲུང་རིག་རྩལ་ལས་རིམ་ཐོག་ལས་ སྦྱོང་བརྡར་གྱི་ གོ་སྐབས་བཟོ་མི་ཚུ་གི་ ཁེ་ཕན་ལེན་དགོ་པའི་ བཀའ་སློབ་གནང་ནུག།

མི་དབང་མཆོག་གིས་ ཀྲོང་གསར་དང་ བུམ་ཐང་ རྒྱལ་པོའི་ཞིང་ དེ་ལས་ བཀྲིས་སྒང་ལུ་ ད་ལྟོ་འབད་བཞིན་དུ་ཡོད་མི་ བདེ་སྲུང་རིག་རྩལ་ལས་རིམ་ལྟེ་བ་ཚུ་ནང་ གཟིགས་ཞིབ་གནང་ཡོདཔ་ད་ རིག་རྩལ་ལས་རིམ་དེ་ནང་ སྦྱོང་བརྡར་མཁས་མཆོག་ཚུ་གིས་ སྦྱོང་བརྡར་གནས་རིམ་ཁག་མ་འདྲཝ་ཚུ་ བྱིན་དོ་ཡོད་མི་དེ་ཡང་ བརྡ་དོན་འཕྲུལ་རིག་དང་ ཚོང་ལཱ་ ཤིང་བཟོ་ སྐྱ་བཏོག་ནི་དང་ བཟོ་བཟོ་ཐངས་ སྣུམ་འཁོར་བཅོ་ནི་ དངུལ་འབྲེལ་དང་དངུལ་རྩིས་ པར་བཏབ་ནི་དང་ གློག་བརྙན་བཟོ་ཐངས་ ཚེམ་རྐྱབ་ཐངས་ བཞེས་སྒོ་འབད་ཐངས་དང་ ཁ་ཟས་བཟོ་ཐངས་ལ་སོགས་པའི་ རིག་རྩལ་ཚུ་ སྟོན་བྱིནམ་ཨིན་པས།

མི་དབང་མཆོག་གིས་ བདེ་སྲུང་རིག་རྩལ་ལས་རིམ་ཚུ་ ན་གཞོན་ཚུ་ལུ་ སྤྲོ་བ་བསྐྱེད་བཅུག་ནི་དང་ རིག་རྩལ་གཡོག་བཀོལ་ནིའི་དོན་ལུ་ཨིནམ་བཞིན་དུ་ གོ་སྐབས་དེ་ཚུ་ ན་གཞོན་ཚུ་གིས་ རང་སོའི་མ་འོངས་ཚེ་གཡོག་གི་ གཞི་རྟེན་སྦེ་ ལག་ལེན་འཐབ་དགོ་ཟེར་ བཀའ་སློབ་གནང་ཡོདཔ་ད་ དུས་ཅི་ སྤྱི་ཟླ་༤ པའི་ནང་ ལས་རིམ་ཚུ་ འགོ་དང་པ་ འགོ་བཙུགས་ཞིནམ་ལས་ཚུར་ བདེ་སྲུངཔ་༡,༡༠༠ ལྷགཔ་ཅིག་གིས་ བདེ་སྲུང་རིག་རྩལ་ལས་རིམ་ནང་ འཛུལ་ཞུགས་འབད་ནུག།

གཟིགས་སྐོར་གྱི་སྐབས་ལུ་ མི་དབང་མཆོག་གིས་ རྒྱལ་པོའི་ཞིང་བརྡ་དོན་དང་འཕྲུལ་རིག་མཐོ་རིམ་སློབ་གྲྭ་དང་  བཀང་ལུང་ཤེས་རབ་རྩེ་མཐོ་རིམ་སློབ་གྭྲའི་ སློབ་ཕྲུག་དང་ སློབ་སྟོན་པ་ཚུ་དང་ མཇལ་ཕྲད་གནང་པའི་ཁར་ ཡོན་ཕུ་ལ་བརྒྱ་འཁོར་མཐོ་རིམ་སློབ་གྲྭ་དང་ རང་བྱུང་འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་གི་ སློབ་ཕྲུག་དང་ སློབ་སྟོན་པ་ཚུ་དང་ཡང་ མཇལ་ཕྲད་གནང་ཡོདཔ་ཨིན་པས།

སློབ་ཕྲུག་ཚུ་ལུ་ མི་དབང་མཆོག་གིས་ གསུངས་མིའི་ནང་ ང་བཅས་ཀྱིས་ འབད་ཚུགས་མི་ཚུ་ལུ་ ཤུགས་བཏོན་ནི་མེན་པར་ མདུན་སྐྱོད་འབད་ནིའི་དོན་ལུ་ ལཱ་ཁག་ཅན་དང་ གདོང་ལེན་ཅན་ཚུ་ གཡང་ཟ་བག་ཟོན་མེད་པར་ འབད་དགོ་ཟེར་ཨིན་པས།

མཐོ་རིམ་སློབ་གྲྭ་ཚུ་ རྩ་ཅན་གྱི་ གཙུག་སྡེ་ཨིནམ་ལས་ མི་རབས་ལས་མི་རབས་ཀྱི་རྒྱུད་ལུ་ ཕན་ཐོགས་ཚུགསཔ་ བཟོ་དགོ་ཟེར་ མི་དབང་མཆོག་གིས་ གསུངས་པའི་ཁར་ ཤེས་ཡོན་སྦྱང་བརྩོན་འབད་སའི་ གཙུག་སྡེ་ཚུ་ནང་ གཞི་རྟེན་མཐུན་རྐྱེན་དང་ ཤེས་ཡོན་གྱི་ གནས་ཚད་མཐོ་དྲགས་དགོ་མི་དེ་ཡང་ སློབ་ཕྲུག་ཚུ་ འཛམ་གླིང་ནང་ ག་ཏེ་ར་འབད་རུང་ ཁྱད་འཕགས་འཐོན་ནི་དང་ ང་བཅས་རའི་ མ་འོངས་རེ་འདུན་ཚུ་ འགྲུབ་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ཟེར་ གསུངས་གནང་ནུག།

རེ་འདུན་འདི་ འགྲུབ་ཐབས་ལུ་ མཐོ་རིམ་སློབ་གྲྭ་ཚུ་ རྩ་བརྟན་བཟོ་ཐབས་ལུ་ ཕྱག་ལཱ་གནང་པའི་བསྒང་ཡོདཔ་བཞིན་དུ་ མི་དབང་མཆོག་གིས་ སློབ་ཕྲུག་ཚུ་ལུ་ མི་དབང་མངའ་ཞབས་མཆོག་གི་ དགོངས་བཞེད་དང་ རེ་འདུན་འགྲུབ་ནིའི་དོན་ལས ལཱ་རྩ་འགེངས་འབད་དགོ་པའི་ བཀའ་རྒྱ་གནང་ནུག།

མི་དབང་མངའ་ཞབས་མཆོག་ ཐིམ་ཕུག་ལུ་ ཕེབས་མ་གནང་པའི་ཧེ་མར་ ཆུ་ཁ་ལུ་ ཆིབས་སྐྱོད་གནང་སྟེ་ བདེ་སྲུང་སྦྱོང་བརྡར་ལས་རིམ་ ཤོ་ཐེངས་༤༦ པའི་ནང་ བཅའ་མར་གཏོགས་མི་ བདེ་སྲུངཔ་ཚུ་དང་ མཇལ་ཕྲད་གནང་ཡོད་པའི་གནས་ཚུལ།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *