མི་དབང་མངའ་བདག་རྒྱལ་པོའི་ བཀའ་དྲིན་ལུ་བརྟེན་ བཟའ་ཚང་ཚུ་དང་ ལོག་ཕྱད་ཚུགས་ཡོདཔ།

༉ ན་ཧིང་ དུས་ཚོད་དེམ་ཅིག་ཁར་ བཀྲིས་དེ་ ཨི་རག་གི་རྒྱལ་ས་ བག་དཱད་ལུ་ དྲོ་པ་ཆུ་ཚོད་༧ ལས་འགོ་བཙུགས་ ནུབ་ཕྱེད་ཚུན་ ལཱ་འབད་སྡོད་ཡོདཔ་ཨིན་པས།

དེ་གི་སྐབས་ལུ་ མོ་གིས་ བཞེས་སྒོ་ཚུ་ཡང་ ལེགས་ཤོམ་སྦེ་བཟའ་ནི་ མ་ཐོབ་ལས་ དཀའ་སྡུག་སྦོམ་སྦེ་ར་ མྱོང་སྡོད་ནུག།

རྒྱལ་ཁབ་ནང་ཡོད་མི་ འབྲུག་དང་ ཕྱི་རྒྱལ་གྱི་ ཁྲིམས་འགལ་ལས་སྡེ་ཚུ་ ཁ་བསྡོམས་ཐོག་ལས་ མོ་ལུ་ ཟླ་རིམ་བཞིན་དུ་ ཡུ་ཨེསི་ཌོ་ལར་༣༥༠ རེ་འཐོབ་ཟེར་སླབ་སྟེ་ ཉེས་ཚོང་ཐོག་ལས་ ཁྱིད་སོང་ཡོདཔ་ཨིན་པས།

མོ་ར་ ཨི་རག་ལུ་ སྤྱི་ལོ་༢༠༡༩ ཟླ་༡༡ པའི་ནང་ ལྷོད་ཡོད་པའི་ཤུལ་ལུ་ མི་ཚེའི་གནས་སྟངས་ སྐྱོ་སི་སི་སྦེ་ སྡོད་དགོཔ་ཐོནམ་ལས་ ཨ་རྟག་ར་སྔུ་སྡོད་ བྱུང་ཡོད་རུང་ མོ་གིས་ དཀོན་མཆོག་གསུམ་ལུ་ གསོལཝ་བཏབ་ནི་དེ་ མ་བརྗེད་པས།

བཀྲིས་ཀྱིས་ སྤྱི་ལོ་༢༠༡༩ ཟླ་༡༢ པའི་ནང་ ཨི་རག་རྒྱལ་ཁབ་ནང་ གནས་སྟངས་རྩུབ་དྲགས་ཐོག་ལུ་ ལཱ་འབད་སྡོད་མི་ ཨམ་སྲུ་ཚུ་གི་དོན་ལུ་ མི་སྡེའི་བརྡ་བརྒྱུད་སྡེ་ཚན་ཅིག་ བཟོ་ཐོག་ལས་ འབྲུག་ལུ་ ལོག་འོང་ནིའི་ དཔའ་བཅམ་ཡོདཔ་ཨིན་པས།

མོ་གིས་ རྒྱལ་གཞུང་ཁྲིམས་སྲུང་འགག་སྡེ་དང་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་གཙོས་པའི་ གཞུང་གི་འགོ་དཔོན་ ལེ་ཤ་དང་ འབྲེལ་བ་འཐབ་སྟེ་ ཁོང་ཆ་ཁྱབ་ འབྲུག་ལུ་ ལོག་འོང་ནི་ལུ་ ཆ་རོགས་འཚོལ་ཡོདཔ་ད་ གཞུང་འབྲེལ་ཉོགས་བཤད་ཡི་གུ་ཚུ་ཡང་ བཙུགས་ཡོདཔ་ཨིན་པས།

དེ་གི་སྐབས་ལུ་ ཁོང་ཆ་ཁྱབ་ ནག་ཚོང་འཐབ་སྟེ་ ཁྱིད་སོང་མི་ འབྲུག་དང་ ཨི་རག་ལུ་ཡོད་པའི་ ཁྲིམས་འགལ་ལས་སྡེའི་ ཨམ་སྲུ་ཚུ་གིས་ བཀྲིས་ལུ་ གཞུང་གིས་ ཁོང་ལོག་རྒྱལ་ཁབ་ནང་ ལེན་མི་ཚུགས་ནི་དང་ དེ་དང་འཁྲིལ་བའི་ བྱ་སྟབས་མ་བདེཝ་རེ་ འཐོན་པ་ཅིན་ ཉེན་ཁ་མོ་གིས་འབག་དགོ་ཟེར་བའི་ ཉེན་བརྡ་འབད་ཡོདཔ་ཨིན་པས།

ཁྲིམས་འགལ་ལས་སྡེ་ཅིག་གིས་ བག་དཱད་ལས་ མི་ལེན་ནི་དེ་ ཅ་ལ་འཐུ་འབག་དོ་བཟུམ་སྦེ་མེན་ཟེར་ སླབ་ཡོདཔ་ད་ གཞུང་གིས་ རྒྱལ་ཁབ་ནང་ འཁོར་ལམ་ཧ་ཀ་ཧོ་ཀ་ཚུ་ཡང་ བསུབས་མ་ཚུགས་པར་ བག་དཱད་ག ལས་སྡེ་ཚུ་ལུ་ ཏི་རུ་འབོར་ཆེ་ཏོག་ཏོ་སྦེ་སྤྲོད་དེ་ ཨམ་སྲུ་ཚུ་ ག་དེ་སྦེ་ ལོག་ལེན་ཚུགས་ནི་ཟེར་ ལས་སྡེ་གཞན་ཅིག་གིས་ སླབ་ཡོདཔ་ཨིན་པས།

བཀྲིས་ལུ་ མི་ལ་ལོ་ཅིག་གིས་ ཁོང་ཆ་ཁྱབ་ རྒྱལ་ཁབ་ནང་ ལོག་ལེན་ནིའི་དོན་ལུ་ གཞུང་གིས་ ཕྱག་ལཱ་གནང་དོ་ཡོད་པའི་སྐོར་ལས་ སླབ་པའི་སྐབས་ མང་ཤོས་ཅིག་གིས་ དེ་སྦེ་ ལེན་མི་ཚུགས་ཟེར་ སླབ་ཡོདཔ་ཨིན་པས།

བཀྲིས་ཀྱིས་ ཨ་རྟག་ར་ ཁ་ཐུན་བཏང་ གསོལཝ་བཏབ་སྟེ་ སེམས་སྒྲིང་སྒྲི་སྦེ་ སྡོད་ཡོདཔ་ཨིན་རུང་ དཀའ་ངལ་ཚུ་ སྦོམ་སྦེ་ར་ བྱུང་ཡོདཔ་ལས་ མོ་རའི་ཕམ་རྒན་རྒས་གཉིས་དང་ ཨ་ལོ་བུ་དང་ ལོག་ཕྱད་མི་ཚུགས་ནི་ཨིན་པའི་ ཚ་གྱང་ལང་ཡི་ཟེར་ཨིན་པས།

སྤྱི་ཟླ་༧ པའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཨི་རག་ལུ་ཡོད་མི་ འབྲུག་པའི་ཨམ་སྲུ་ག་ར་ འབྲུག་ལུ་ ལོག་ཁྱིད་འོང་དགོ་པའི་ བཀའ་རྒྱ་གནང་མིའི་སྐོར་ལས་ བཀྲིས་ཀྱིས་ གོ་ཡོདཔ་ཨིན་པས།

དེ་བསྒང་ མི་དབང་མཆོག་གིས་ རྒྱུ་དངོས་དང་ ཐབས་ལམ་གང་དྲག་བཏོན་ཏེ་ བག་དཱད་ལུ་ ཨམ་སྲུ་ཚུ་ ཕུད་རྡོག་གཅིག་ལུ་ཡང་ གནོད་སྐྱོན་མེད་པར་ རྒྱལ་ཁབ་ནང་ ཁྱིད་འོང་དགོ་པའི་ བཀའ་གནང་མི་དང་འཁྲིལ་ སྲོག་སྐྱབས་ཀྱི་ལཱ་དེ་ འགོ་བཙུགས་ཡོདཔ་ཨིན་པས།

འགོ་དཔོན་ཚུ་གི་ ལས་བྱེད་ཚོགས་ཆུང་ཅིག་ གཞི་བཙུགས་འབད་ཐོག་ལས་ དངུལ་ཀྲམ་ས་ཡ་༡༤༠ ཟད་འགྲོ་བཏང་སྟེ་ ཨི་རག་ལས་ འབྲུག་པའི་ཨམ་སྲུ་༡༦༠ ལོག་རྒྱལ་ཁབ་ནང་ ཁྱིད་འོང་ཡི།

ཨམ་སྲུ་ཚུ་ཡང་ མི་ངོ་༣ ལས་༡༣༢ རེ་འབད་མི་ སྡེ་ཚན་ཁག་མ་འདྲཝ་ཚུ་སྦེ་ ལེན་ཡོདཔ་ད་ དེ་ནང་ བག་དཱད་ལུ་སྡོད་མི་ ལས་སྡེའི་མི་ཚུ་ཡང་ ཚུདཔ་ཨིན་པས།

བཀྲིས་ཀྱིས་འབད་བ་ཅིན་ གལ་སྲིད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བར་འཛུལ་ཐོག་ སྲོག་སྐྱབས་མ་མཛད་པ་ཅིན་ མོ་གིས་ མོ་རའི་ཕམ་དང་ ཨ་ལོ་དང་ ཕྱད་མ་ཚུགས་འོང་ཟེར་ཨིནམ་ད་ མོ་ར་ ལོག་རྒྱལ་ཁབ་ནང་ལྷོད་དེ་ རྒྱལ་ཡོངས་འགྲོ་འགྲུལ་བཀག་དམ་ ཐེངས་༢ པ་ལས་ བདེ་སྲུང་ནང་ འཛུལ་ཡོདཔ་ཨིན་པས།

མོ་གིས་ རྒྱལ་ཁབ་ལུ་ ལོག་ཕྱག་ཞུ་ནི་ཟེར་རུང་ ཐབས་ལམ་དེ་ར་ཨིན་མས་ཟེར་ བཀྲིས་ཀྱིས་ བཤདཔ་ཨིན་མས།

བག་དཱད་ལས་ ཨམ་སྲུ་ཚུ་ ལོག་རྒྱལ་ཁབ་ནང་ ཁྱིད་འོང་དགོ་པ་ཅིན་ ལས་སྡེ་ཚུ་ལུ་ ཡུ་ཨེསི་ཌོ་ལར་༣,༥༠༠ དང་༧,༠༠༠ རེ་ ལོག་བཏབ་དགོཔ་སྦེ་ སླབ་ཡོདཔ་བཞིན་དུ་ ཨི་རག་ལུ་སོང་མི་ ཨམ་སྲུ་ཚུ་ག་ར་ དངུལ་འབྲེལ་རྒྱབ་རྟེན་ སྒྲིང་སྒྲི་མེདཔ་ལས་ སྤྲོད་ཐབས་མ་བྱུངམ་འོང་ཟེར་ཨིན་པས།

ད་རེས་ ཁོང་ཆ་ཁྱབ་ རྒྱལ་ཁབ་ནང་ ལོག་ལྷོད་ཚུགས་མི་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐུགས་ཀྱི་བརྩེ་བ་ བླ་ན་མེདཔ་ གཟིགས་གནང་མི་ལུ་བརྟེན་ཏེ་ཨིན་ཟེར་ བཤདཔ་ཨིན་པས།

ཉམས་རྒུདཔ་ཨམ་སྲུ་གཞན་ སྐལ་བཟང་དེ་ ལས་སྡེ་གིས་ བརྡུང་རྫོབ་འབད་ཡོདཔ་མ་ཚད་ རྩུབ་སྤྱོད་ཡང་ འབད་ཡོདཔ་ད་ ད་རེས་ མོ་ཡང་ བདེ་སྲུངཔ་ཨིན་པས།

མོ་ར་ བདེ་སྲུང་ནང་ འཛུལ་དགོ་མི་དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ བཀའ་དྲིན་བསམ་ནིའི་དོན་ལུ་ཨིན་ཟེར་ བཤད་པའི་ཁར་ དེ་མེན་པ་ཅིན་ མོ་རའི་མི་ཚེ་དེ་ དམྱལ་བ་ནང་བཟུམ་སྦེ་ བག་དཱད་ལུ་ར་ ལུས་སོཔ་འོང་ཟེར་ བཤདཔ་ཨིན་པས།

དེ་བཟུམ་སྦེ་ སྲོག་སྐྱབས་འབད་དེ་ ཁྱིད་འོང་མི་ ཨམ་སྲུ་ཚུ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྐྱིད་བསྡུག་གནང་ཡོདཔ་མ་ཚད་ བསླབ་བྱའི་ལས་རིམ་དང་ འཚོ་བའི་གནས་སྟངས་ཀྱི་ སྦྱོང་བརྡར་ཚུ་ཡང་ བྱིན་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *