༉ འདས་པའི་ཉིན་གྲངས་༣ ནང་ རྒྱལ་ཁབ་ནང་འཁོད་ལུ་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་དང་ འགྲུལ་སྐྱོད་ལྷན་ཐབས་ས་ཁོངས་ཚུ་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་སྐྱུར་མི་བསྡོམས་༨༤,༨༢༩ གིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།
འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ བཙག་འཐུ་ལས་ཁུངས་ཀྱི་འགོ་འཛིན་ བསོད་ནམས་སྟོབས་རྒྱས་ཀྱིས་ གནས་སྡུད་བྱིན་མི་དང་འཁྲིལཝ་ད་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞབས་ཏོག་སྤྱོད་མི་ ཨམ་སྲུ་༤༦,༣༥༨ དང་ ཕོ་སྐྱེས་༣༨,༤༧༡ འོང་ནུག་ཟེར་ཨིན་པས།
མ་གཞི་ རྫོང་ཁག་སོ་སོའི་ ཚོགས་རྒྱན་བཙུགས་མི་ཚུ་གི་ ཁ་གསལ་ཚུ་ ལྷན་ཚོགས་ཀྱིས་ མ་བྱིན་རུང་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ མི་གྲངས་༡༠༢,༣༦༣ གྱིས་ ཐོ་བཀོད་འབད་མི་ལས་ བརྒྱ་ཆ་༨༢.༩ གིས་ ཚོགས་རྒྱན་བཙུགས་ཡོདཔ་ལས་ འགོ་ཐོག་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་མི་ལས་ བརྒྱ་ཆ་༧.༢ ལྷགཔ་ཅིག་ ཡར་སེང་སོང་ནུག།
འགོ་ཐོག་བཙག་འཐུའི་སྐབས་ ལྷན་ཐབས་དང་ འགྲུལ་སྐྱོད་ཀྱི་ ཞབས་ཏོག་སྤྱོད་ནིའི་དོན་ལས་ ཐོ་བཀོད་འབད་མི་༡༠༢,༥༣༡ ཡོད་མི་ལས་༧༩,༥༡༥ གིས་ ཚོགས་རྒྱན་བཙུགས་པར་ འོང་ཡོདཔ་ད་ དེ་ཡང་ ཨམ་སྲུ་༤༤,༠༥༣ དང་ ཕོ་སྐྱེས་༣༥,༤༦༢ གིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།
སྤྱིར་བཏང་བཙག་འཐུའི་དོན་ལུ་ སྤྱི་ཟླ་༡༠ པའི་ཚེས་༡༠ ལས་༡༢ ཚུན་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ཚུ་ རང་སོའི་ངོས་ལེན་འགོ་དཔོན་ཚུ་ལུ་ བསྐྱལ་ནིའི་དོན་ལས་ ཕྱི་རུ་ཨ་རྟག་ར་ འབྲུག་འགྲེམ་ལས་འཛིན་ལུ་ རྩིས་སྤྲོད་ཡོད་པའི་གནས་ཚུལ།