ཐིམ་ཕུག་རྫོང་ཁག་གི་ ངོས་ལེན་འགོ་དཔོན་གྱིས་ ཚོགས་རྒྱན་ས་ཁོངས་ཚུ་ནང་ གཏང་ནི་གི་དོན་ལུ་ ཚོགས་རྒྱན་འཕྲུལ་ཆས་ ཐིའུ་རྐྱབ་པའི་བསྒང་།

མི་གྲངས་༤༢,༤༤༡ གིས་ འགྲེམ་ཐོག་རྒྱན་ཤོག་དང་ འགྲུལ་སྐྱོད་ལྷན་ཐབས་ཀྱི་ ཚོགས་རྒྱན་བཙུགས་ཡོདཔ།

འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་དོན་ལུ་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ཚུ་གི་ཐོག་ལས་ ཚོགས་རྒྱན་བཙུགས་ནི་གི་ མཐུན་རྐྱེན་དང་པ་ འགོ་བཙུགས་མི་དེ་ནང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་བསྡོམས་ བརྒྱ་ཆ་༧༠ འོང་ཡོདཔ་ཨིན་པས།

དེ་ཡང་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་དང་ འགྲུལ་སྐྱོད་ས་ཁོངས་ཚུ་གི་ཐོག་ལས་ འགྲེམ་ཐོན་ཚོགས་རྒྱན་སྐྱུར་མི་༦༠,༥༩༠ འབདཝ་ད་ ཨམ་སྲུ་༣༠,༠༠༡ དང་ ཕོ་སྐྱེས་༣༠,༥༨༩ གིས་ ཐོ་བཀོད་འབད་ཡོད་མི་ལས་༤༢,༤༤༡ (ཨམ་སྲུ་༢༠,༦༣༧ དང་ ཕོ་སྐྱེས་༢༡,༨༠༤) གིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནུག་ཟེར་ བཙག་འཐུ་ལྷན་ཚོགས་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་བཀོད་ནུག།

འདི་བཟུམ་མའི་ ཚོགས་རྒྱན་ཚུ་ཡང་ སྤྱི་ཟླ་༤ པའི་ཚེས་༡༢ ལས་༡༤ ཚུན་ ཉིན་གྲངས་༣ གྱི་རིང་ བཙུགས་པའི་སྐབས་ རྒྱལ་ཁབ་ནང་འཁོད་ལུ་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་༦༩ གཞི་བཙུགས་འབད་མི་ཚུ་ནང་ མི་གྲངས་༤༡,༧༤༢ ཀྱིས་ཚོགས་རྒྱན་བཙུགས་ཡོདཔ་ད་ དབང་པོ་ལུ་ ཐོ་ཕོག་མི་ཚུ་གི་དོན་ལས་ འགྲུལ་སྐྱོད་ལྷན་ཐབས་ས་ཁོངས་༩ ནང་ ཨམ་སྲུ་༦༥ དང་ ཕོ་སྐྱེས་༦༣༤ འབདཝ་ད་ མི་གྲངས་བསྡོམས་༦༩༩ གིས་ གསང་བའི་ཚོགས་རྒྱན་བཙུགས་མི་དེ་ བརྒྱ་ཆ་༨༣ ཨིན་པས།

འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ནང་ ལྷུན་རྩེ་ལུ་ ཚོགས་རྒྱན་བཙུགས་མི་ བརྒྱ་ཆ་༨༣ ཐོན་མི་དེ་ གྱངས་ཁ་མཐོ་ཤོས་ཨིནམ་ད་ དེ་ཡང་ མཐུན་རྐྱེན་དེ་གི་དོན་ལུ་ ཐོ་བཀོད་འབད་མི་ ཨམ་སྲུ་༣༨༠ དང་ ཕོ་སྐྱེས་༤༣༢ བརྩིས་ཏེ་ མི་གྲངས་༨༡༢ ཡོད་མི་ལས་༦༥༤ (ཨམ་སྲུ་༢༩༤ དང་ ཕོ་སྐྱེས་༣༦༠) གིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།

དེ་གི་འོག་ལས་ར་ བུམ་ཐང་ལུ་ ཚོགས་རྒྱན་བཙུགས་མི་ བརྒྱ་ཆ་༨༠ འོང་ཡོད་མི་དེ་ཡང་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ཀྱི་དོན་ལུ་ ཐོ་བཀོད་འབད་མི་ ཨམ་སྲུ་༧༧༠ དང་ ཕོ་སྐྱེས་༨༣༡ འབདཝ་ད་ མི་གྲངས་༡,༦༠༡ ཡོད་མི་ལས་༡,༢༧༤ (ཨམ་སྲུ་༦༡༨ དང་ ཕོ་སྐྱེས་༦༥༦) གིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནུག།

དེ་ལས་ པདྨ་དགའ་ཚལ་རྫོང་ཁག་ནང་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ཐོག་ལས་ ཚོགས་རྒྱན་སྐྱུར་མི་ ཐོ་བཀོད་ཅན་གྱི་ ཨམ་སྲུ་༦༡༧ དང་ ཕོ་སྐྱེས་༦༩༡ བརྩིས་ཏེ་ མི་གྲངས་༡,༢༣༦ ཡོད་རུང་ མི་གྲངས་༧༦༩ རྐྱངམ་གཅིག་གིས་ གྲལ་གཏོགས་འབད་ཡོདཔ་ལས་ ཚོགས་རྒྱན་སྐྱུར་མིའི་བརྒྱ་ཆ་༦༢ ཨིན་མི་དེ་ རྫོང་ཁག་ཚུ་གི་གྲས་ལས་ དམའ་ཤོས་ཅིག་ཨིན་པས།

ལྷན་ཐབས་ཚོགས་རྒྱན་བཙུགས་པའི་སྐབས་ ལྷན་ཚོགས་ཀྱིས་ རྫོང་ཁག་༢༠ གི་ འགྲེམ་ཐོག་རྒྱན་ཤོག་ས་ཁོངས་༦༩ ནང་ ས་ཁོངས་འགོ་དཔོན་༤༦༩ དང་ འགྲུལ་སྐྱོད་ལྷན་ཐབས་ས་ཁོངས་༩ གཞི་བཙུགས་འབད་མི་ཚུ་ནང་ རང་དབང་ལྟ་རྟོག་པ་༧༧ བསྐོ་བཞག་འབད་ཡོདཔ་ཨིན་པས།

དེ་བཟུམ་མའི་ ལམ་ལུགས་ཐོག་ལས་ ཚོགས་རྒྱན་བཙུགས་མི་ཚུ་ བྱ་སྒོའི་རིམ་པ་དང་འཁྲིལ་ ཚོགས་རྒྱན་གྱི་ ཉིན་མཇུག་ལུ་ འབྲུག་འགྲེམ་ལུ་ རྩིས་སྤྲོད་མི་དེ་ཡང་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ བཙག་འཐུའི་ཉིན་མར་ ཚོགས་རྒྱན་གྱངས་ཁ་རྐྱབ་ནིའི་དོན་ལུ་ འབྲེལ་ཡོད་ངོས་ལེན་འགོ་དཔོན་ཚུ་གི་ལག་པར་ ལྷོད་ཐབས་ལུ་ཨིན་པས།

བཙག་འཐུ་ལས་ཁུངས་ཀྱི་འགོ་འཛིན་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ སྤྱི་ཟླ་༤ པའི་ཚེས་༢༠ གི་ ཚོགས་རྒྱན་ཉིན་མར་ འགྲེམ་ཐོག་ཚོགས་རྒྱན་ཚུ་ ངོས་ལེན་འགོ་དཔོན་ཡིག་ཚང་ཚུ་ནང་ དྲོ་པའི་ཆུ་ཚོད་༡༠ དེ་ཅིག་ལས་ གྱངས་ཁ་རྐྱབ་ནི་ འགོ་བཙུགས་འོང་ཟེར་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *