༉ རང་སོའི་མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་ དུས་ཡུན་རྫོགས་ཏེ་ བསྐྱར་བཟོ་མ་འབད་བར་ ལུས་མི་དང་ བསྐྱར་བཟོའི་དོན་ལུ་ སྤྲོད་ཡོད་མི་ཚུ་གིས་ དུས་ཅི་ སྤྱི་ཚོགས་ཀྱི་ བཙག་འཐུ་ནང་ ངོ་སྤྲོད་ལག་ཁྱེར་མེད་རུང་ ཚོགས་རྒྱན་བཙུགས་ཆོག་ནི་ཨིན་པས།
དེ་ཡང་ འདས་པའི་བདུན་ཕྲག་ནང་ ལྷན་རྒྱས་གཞུང་ཚོགས་དང་ བརྡ་བརྒྱུད་ཀྱི་བར་ན་ གནས་ཚུལ་ཞལ་འཛོམས་འཚོགས་པའི་སྐབས་ ནང་སྲིད་དང་ སྲོལ་འཛིན་བློན་པོ་ ཟླ་བ་རྒྱལ་མཚན་གྱིས་ བཤད་ཅི།
ནང་སྲིད་བློན་པོ་གིས་འབད་བ་ཅིན་ ངོ་སྤྲོད་ལག་ཁྱེར་རྙིངམ་ཚུ་ གསརཔ་མ་སྤྲོད་ཚུན་ མི་སེར་གྱི་ ལག་པ་ར་ སྡོད་ནི་ཨིནམ་ལས་ ཚ་གྱང་ལང་མི་དགོ་ཟེར་ཨིན་པས།
ལྷན་ཁག་གིས་ གནད་དོན་དེ་གི་སྐོར་ལས་ བཙག་འཐུ་ལྷན་ཚོགས་དང་གཅིག་ཁར་ཡང་ བསྟུན་གྲོས་འབད་དེ་ཡོདཔ་ལས་ རང་སོའི་ཐོབ་དབང་ སྤྱོད་ནིའི་དོན་ལུ་ གོ་སྐབས་བྱིན་ནི་ཨིནམ་ལས་ མི་སེར་ཚུ་ ཚ་གྱང་ལང་མི་དགོ་ཟེར་ བློན་པོ་གིས་ བཤད་ཅི།
བློན་པོ་གིས་འབད་བ་ཅིན་ ཞི་བའི་ཐོ་བཀོད་དང་ མི་རྩིས་ལས་ཁུངས་ཀྱིས་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་ཚུ་གི་ ཁ་གསལ་ཚུ་ བཙག་འཐུ་ལྷན་ཚོགས་ལུ་ བྱིན་ཡོདཔ་བཞིན་དུ་ ངོས་འཛིན་འདྲ་པར་ཚུ་ཡང་ བརྡ་དོན་ཁ་གསལ་ཚུ་ལུ་ བཞི་བཞག་སྟེ་ བཟོ་འོང་ཟེར་ཨིནམ་ད་ ཐོ་ཡིག་ནང་ རང་སོའི་མིང་ཚུད་དེ་ཡོད་པ་ཅིན་ ཚོགས་རྒྱན་བཙུགས་ཆོག་ཟེར་ཨིན་པས།
རྒྱལ་ཁབ་ནང་ ངོ་སྤྲོད་ལག་ཁྱེར་བསྐྱར་བཟོའི་ལཱ་ཚུ་ སྤྱི་ལོ་༢༠༡༦ ཟླ་༡༣ པའི་ནང་ལས་ འགོ་བཙུགས་ཡོདཔ་ལས་ ལ་ལོ་ཅིག་ བཟོ་ཚར་རུང་ ལ་ལོ་ད་ལྟོ་བཟོ་བའི་བསྒང་ཡོད་ཟེར་ བློན་པོ་གིས་ བཤད་པའི་ཁར་ དེ་སྦེ་ ཐོགས་ལུས་མི་ཚུ་ཡང་ ཞུ་ཡིག་འབྲི་ཤོག་ཚུ་ནང་ མིང་དང་ངོ་སྤྲོད་ལག་ཁྱེར་ཨང་ལ་སོགས་པའི་ ཁ་གསལ་ནང་ འཛོལ་བ་ཆུང་ཀུ་རེ་ ཡོད་མི་ལུ་བརྟེན་ཨིན་ཟེར་ བཤད་ཅི།
སྤྱི་ལོ་༢༠༡༦ ལས་ ངོ་སྤྲོད་ལག་ཁྱེར་གསརཔ་ བསྐྱར་བཟོ་སྐབས་ མི་༥,༠༠༠ དེ་ཅིག་ ངོ་སྤྲོད་ལག་ཁྱེར་གསརཔ་ལུ་བསྒུགས་མི་ གཞལམ་སྒང་རྫོང་ཁག་ནང་ ཐོན་ཡོདཔ་ལས་ མི་སེར་ཚུ་ བཙག་འཐུའི་ནང་ ཚོགས་རྒྱན་བཙུགས་མ་ཆོག་པའི་ ཚ་གྱང་ལང་ཡོདཔ་ཨིན་པས།
ནང་སྲིད་བློན་པོ་གིས་འབད་བ་ཅིན་ རྫོང་ཁག་ནང་ ངོ་སྤྲོད་ལག་ཁྱེར་༡༣,༦༡༥ པར་སྐྲུན་འབད་ཚར་ཡོདཔ་བཞིན་དུ་ གཞན་ཚུ་ ད་ལྟོ་ བཟོ་བའི་བསྒང་ཡོད་ཟེར་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱི་མགྲིན་ཚབ་ ཕུརཔ་རྡོ་རྗེ་གིས་ སླབ་མིའི་ནང་ བཙག་འཐུའི་འགོ་དཔོན་ཚུ་གིས་ ཚོགས་རྒྱན་གྱི་སྐབས་ ངོས་འཛིན་འདྲ་པར་རྐྱངམ་གཅིག་ བལྟ་འོང་ཟེར་ཨིནམ་ད་ ངོ་སྤྲོད་ལག་ཁྱེར་དེ་ ཚོགས་རྒྱན་བཙུགས་མིའི་ ངོ་རྟགས་ངོས་འཛིན་འབད་མ་ཚུགསཔ་ད་ བདེན་དཔྱད་ཀྱི་དོན་ལུ་རྐྱངམ་གཅིག་ ལག་ལེན་འཐབ་མ་གཏོགས་ དགོས་མཁོ་སྦོམ་མེད་ཟེར་ཨིན་པས།
ཚོགས་རྒྱན་བཙུགས་མི་ཚུ་གིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ ཚོགས་རྒྱན་བསྐྱུར་ནིའི་དོན་ལས་ སྤྱི་ཟླ་༣ པའི་ཚེས་༢༡ ཚུན་ ཐོ་བཀོད་འབད་ ཆོག་ནི་ཨིན་པའི་གནས་ཚུལ།
ཚེ་རིང་རྣམ་རྒྱལ།