མི་༥ ལུ་ གསེར་ནག་ཚོང་དང་འབྲེལ་བའི་ཉེས་འཛུགས།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ འདས་པའི་ཟླཝ་ནང་ ཐའི་ལེནཌི་ལས་ སྤ་རོ་ལུ་ གསེར་ནག་ཚོང་འཐབ་མི་ གནད་དོན་དེ་ རེས་གཟའ་སྤེན་པ་ལུ་ སྤ་རོ་རྫོང་ཁག་ཁྲིམས་འདུན་ལུ་ རྩོད་བཤེར་འབད་ནིའི་དོན་ལུ་ བཤེར་ཡིག་བཙུགས་ནུག།
སྤ་རོའི་ ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༨ པའི་ཚེས་༢༧ ལུ་ གསེར་ཀེ་ཇི་༡༡.༠༤ འབག་མི་ ཚོང་པ་བསོད་ནམས་བཀྲིས་དང་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ ལས་བྱེདཔ་ཅིག་ སྤ་རོ་རྒྱལ་སྤྱི་གནམ་ཐང་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
གནད་དོན་དེ་ཡང་ སྤྱི་ཟླ་༨ པའི་ཚེས་༢༧ གྱི་ ཉིན་མའི་ཆུ་ཚོད་༡༡ ལུ་ གསང་བའི་སྙན་ཞུ་འབད་མི་ཅིག་གིས་ སྤ་རོ་ཁྲིམས་སྲུང་འགག་པའི་ ཡིག་ཚང་ལུ་ བསོད་ནམས་བཀྲིས་དང་ རྡོ་རྗེ་ཕུན་ཚོགས་གཉིས་ཀྱིས་ སྤ་རོ་གནམ་ཐང་ནང་ གསེར་ཀེ་ཇི་༡༡.༠༤ ནང་འདྲེན་འབད་ནུག་ཟེར་ སླབ་ཡོདཔ་སྦེ་ཨིན་པས།
གསང་བའི་སྙན་ཞུ་དང་འཁྲིལ་ ཁྲིམས་སྲུང་འགག་པའི་ ཞིབ་དཔྱད་སྡེ་ཚན་གྱིས་ དེ་འཕྲོ་ལས་ སྤ་རོ་གནམ་ཐང་ནང་སོང་སྟེ་ ཞིབ་དཔྱད་འབདཝ་ད་ ཁོང་གཉིས་ཀྱིས་ དོགས་པ་བསགས་པའི་སྤྱོད་ལམ་ཚུ་ འབད་སར་མཐོངམ་ལས་ གནམ་ཐང་གི་ ཅ་དམ་འགོ་དཔོན་ཚུ་གིས་ འགོ་འདྲེན་ཐོག་ལས་ ཉེས་འཛུགས་ཅན་༢ ལུ་ ཞིབ་དཔྱད་འབད་བའི་སྐབས་ བསོད་ནམས་བཀྲིས་ཀྱི་ སྐེདཔ་པའི་བསྡམ་ཐག་ནང་ལས་ གསེར་ཀེ་ཇི་༦.༨༩༠ ཐོབ་ཡོདཔ་མ་ཚད་ རྡོ་རྗེ་ཕུན་ཚོགས་ཀྱི་ བསྡམ་ཐག་གུ་ཡོད་མི་ དངུལ་ཁུག་ནང་ལས་ གསེར་ཀེ་ཇི་༤.༡༥༥ འཕྱོག་བཟུང་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ དྲི་དཔྱད་འབད་བའི་སྐབས་ ཁོང་གཉིས་ སྤྱི་ཟླ་༨ པའི་ཚེས་༢༥ ལུ་ སྤ་རོ་ལས་ བཀྲིས་མཁའ་འགྲུལ་ནང་འཛུལ་ཏེ་ བེང་ཀོག་ལུ་ འཕུར་འགྲུལ་འབད་ཡོདཔ་ད་ རྡོ་རྗེ་ཕུན་ཚོགས་དེ་ ཁོ་རའི་ སྒེར་དོན་ལུ་སོང་ཡོདཔ་བཞིན་དུ་ བསོད་ནམས་བཀྲིས་དེ་ གསེར་ནག་ཚོང་འཐབ་ནིའི་དོན་ལུ་ སོང་ཡོདཔ་ཨིན་པས།
གནད་དོན་དེ་ནང་ ཁོང་གཉིས་ཀྱིས་མ་ཚད་པར་ འཕྲིན་ལས་དབང་ཕྱུག་དང་ པདྨ་འགྲོ་འདུལ་གཉིས་ཡང་ གྲལ་གཏོགས་ཡོདཔ་སྦེ་ བདའ་ཟུན་ནུག།
བསོད་ནམས་བཀྲིས་ཀྱིས་ སྤྱི་ལོ་༢༠༡༥ ལས་འགོ་བཙུགས་ཏེ་ བེང་ཀོག་ལས་ གསེར་དུམ་གྲ་རེ་ ནང་འདྲེན་འབད་དེ་ ལན་ཐེངས་༩ སོང་ཡོདཔ་སྦེ་ཨིནམ་ད་ ཉེས་འཛུགས་ཅན་ པདྨ་འགྲོ་འདུལ་དང་ འཕྲིན་ལས་དབང་ཕྱུག་ རྡོ་རྗེ་ཕུན་ཚོགས་༣ གྱིས་ མཉམ་འབྲེལ་ཐོག་ལས་ ལན་ཐེངས་༣ ནང་འདྲེན་འབད་ཡོདཔ་ཨིན་པས།
དེ་ཚེ་ སྤྱི་ཟླ་༨ པའི་ཚེས་༢༥ ལུ་ བསོད་ནམས་བཀྲིས་ཀྱིས་ དངུལ་ཡོངས་བསྡོམས་ཡུ་ཨེསི་ཌོ་ལར་༧༠,༠༠,༠༠༠ འབག་སྟེ་ བེང་ཀོག་ལུ་ གསེར་ནང་འདྲེན་འབད་བར་སོང་ཡོད་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
དེ་ནང་ལས་ ཡུ་ཨེསི་ཌོ་ལར་༡༢༠,༠༠༠ དེ་ ཉེས་འཛུགས་ཅན་པདྨ་འགྲོ་འདུལ་གྱིས་ ཁོ་རའི་ གསེར་ནང་འདྲེན་འབད་ནིའི་དོན་ལུ་ བསྐྱལ་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་ བསོད་ནམས་བཀྲིས་དང་ རྡོ་རྗེ་ཕུན་ཚོགས་གཉིས་ སྤ་རོ་གནམ་ཐང་ནང་ ལྷོད་རནམ་ད་ བསྡམ་ཐག་དེ་ བསོད་ནམས་བཀྲིས་ཀྱིས་ བསྡམས་ཡོདཔ་ད་ དེ་ལས་ བསྡམ་ཐག་གི་དངུལ་ཁུག་དེ་ རྡོ་རྗེ་ཕུན་ཚོགས་ལུ་ བསྡམ་བཅུག་ཡོདཔ་ཨིན་པས།
གནམ་གྲུ་ནང་འགྱོ་བའི་སྐབས་ མཐོ་ཤོས་ཡུ་ཨེསི་ཌོ་ལར་༡༠,༠༠༠ ལས་ འབག་མ་ཆོགཔ་ཨིན་རུང་ ཉེས་འཛུགས་ཅན་གཉིས་ལུ་ མཁའ་འགྲུལ་ནང་ བཙུགས་ནི་གི་ཅ་ཆས་དེ་ བཀྲིས་མཁའ་འགྲུལ་གྱི་ འཕྲུལ་རིགཔ་ཅིག་ཨིན་མི་ ནོར་ལྡན་གྱིས་ ཆ་རོགས་འབད་ཡོདཔ་སྦེ་ཨིན་པས།
འཕྱོག་བཟུང་འབད་དེ་ཡོད་མི་གསེར་ཚུ་ ཞིབ་དཔྱད་འབད་ཚར་བའི་ཤུལ་ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་ཡིག་ཚང་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
བསོད་ནམས་བཀྲིས་དེ་ ནག་ཚོང་གི་ གནོད་འགེལ་ཨིནམ་ལས་ རིན་ཐངས་དང་བསྟུན་པའི་ ཁྲིམས་ཚད་ཕོག་དགོཔ་སྦེ་ཉེས་འཛུགས་འབད་ནུག།
དེ་བཟུམ་སྦེ་ རྡོ་རྗེ་ཕུན་ཚོགས་ཀྱིས་ བསོད་ནམས་བཀྲིས་ལུ་ གྲོགས་རམ་འབད་ཡོདཔ་ལས་ སྡོང་ཟླ་དང་རྒྱུད་བསྐུལ་གྱི་ ཉེས་འཛུགས་འབད་ནུག།
ཉེས་འཛུགས་ཅན་ འཕྲིན་ལས་དབང་ཕྱུག་དེ་ གསེར་ནང་འདྲེན་འབད་ནིའི་་དོན་ལུ་ ཌོ་ལར་དང་ ཡུ་རོ་བསྐྱལ་ཡོདཔ་ལས་ རྩོད་ཟླའི་བྱ་བ་དེ་ ལོག་འདྲེན་གྱི་ ཉེས་འཛུགས་འབད་ནུག།
ཉེས་འཛུགས་ཅན་ པདྨ་འགྲོ་འདུལ་གྱིས་ཡང་ གསེར་ཉོ་ནི་གི་དོན་ལུ་ ཏི་རུ་བསྐྱལ་ཡོདཔ་ལས་ ཁོ་ལུ་ཡང་ ལོག་འདྲེན་གྱི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་ནོར་ལྡན་གྱིས་ ཏི་རུ་འབག་མ་ཆོག་པའི་ ཚད་གཞི་ལས་འབག་ནི་ལུ་ ཆ་རོགས་འབད་བྱིན་མི་དེ་གིས་ ཡིག་ཚང་བྱ་སྤྱོད་ངན་པའི་ ཉེས་འཛུགས་འབད་ཡོད་པའི་གནས་ཚུལ།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *