མི་༣ ལུ་ སྨད་ཚོང་དང་འབྲེལ་བའི་ ཉེས་འཛུགས་འབད་ཡོདཔ།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྨད་ཚོང་ནང་ འབྲེལ་བ་ཡོད་མི་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ རྩོད་བཤེར་གྱི་དོན་ལུ་ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་འདུན་ལུ་ བཤེར་ཡིག་བཙུགས་ཡོདཔ་ཨིན་པས།

བསམ་རྩེ་རྫོང་ཁག་ བིན་དུ་ལས་ སྐྱེས་ལོ་༣༤ ལང་མི་ ཕོ་སྐྱེས་དེ་ སྤྱི་ཟླ་༤ པའི་ཚེས་༡༤ ལུ་ ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་སྡེ་གིས་ གསང་བའི་སྙན་ཞུ་ཐོབ་པའི་ཤུལ་ལས་ འབྲུག་ཀིསི་ཟ་ཁང་ནང་ རྒྱ་གར་དར་ཇི་གླིང་ལས་ སྐྱེས་ལོ་༢༠ ལང་མི་ ཨམ་སྲུ་དང་གཅིག་ཁར་ འཛིན་བཟུང་འབད་དེ་ ཁོ་ལུ་ འགོ་འདྲེན་འཐབ་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཕོ་སྐྱེས་དེ་ལུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་༢༠༠༤ ཅན་མའི་དོན་ཚན་༣༧༧ ལས་འགལ་ཡོདཔ་སྦེ་ ཉེས་འཛུགས་འབད་ཡོདཔ་ད་ དོན་ཚན་དེ་དང་འཁྲིལཝ་ད་ གལ་སྲིད་ རྩོད་ཟླ་ཅིག་གིས་ འཁྲིག་སྤྱོད་དམ་ འདོད་སྤྱོད་ནང་ གཏོགས་ནིའི་དོན་ལུ་ ཏི་རུའམ་ རྒྱུ་དངོས་ མགུ་རྫས་གཞན་གྱི་རིགས་ བྱིན་པ་ཅིན་ རྩོད་ཟླ་དེ་ སྨན་ཚོང་ངམ་ གཞང་བཙོང་འགོ་འདྲེན་འཐབ་པའི་ གནོད་འགེལ་གྱི་ ཉེས་སྐྱོན་ཡིན་པར་བརྩི་དགོ་ཟེར་ འཁོད་དེ་འདུག།
གནོད་འགེལ་དེ་ ཁྲིམས་དེབ་དེ་གི་དོན་ཚན་༣༧༨ ཀ་པ་དང་འཁྲིལཝ་ད་ ཉེས་ཕྲའི་ཉེས་རིམ་ཨིན་པས།
སྐྱེས་ལོ་༢༠ ལང་མི་ ཨམ་སྲུ་དང་ མོ་རའི་ནུམོ་ སྐྱེས་ལོ་༡༨ ལང་མི་གཉིས་ལུ་ ཉེས་འགེལ་ཁྲིམས་དེབ་ཀྱི་དོན་ཚན་༣༧༣ དང་འགལ་བའི་ ཉེས་འཛུགས་འབད་ཡོདཔ་ད་ དེ་ཡང་ དོན་ཚན་དེ་དང་འཁྲིལཝ་ད་ གལ་སྲིད་ རྩོད་ཟླ་ཅིག་གིས་ ཏི་རུའམ་རྒྱུ་དངོས་ཀྱི་དོན་ལུ་ རང་རྟོགས་རང་མོས་ཀྱིས་ བྱིན་པའམ་གཏོགས་ནིའི་དོན་ལུ་ འདོད་སྤྱོད་ཀྱི་ ངོས་ལེན་དང་ མི་གཞན་གཅིག་ཁར་ འཁྲིག་སྦྱོར་འབད་བ་ཅིན་ རྩོད་ཟླ་དེ་ སྨད་ཚོང་གནོད་འགེལ་གྱི་ ཉེས་སྐྱོན་ཡིན་པར་ བརྩི་དགོཔ་ཨིན་པས།
གནོད་འགེལ་དེ་ཡང་ ཉེས་ཕྲའི་ཉེས་འཛུགས་ཕོག་ནི་ཨིནམ་ད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བཤེར་ཡིག་ནང་ བསམ་རྩེ་བསྟན་འབྲུག་ལས་ཨིན་མི་ ཕོ་སྐྱེས་དེ་ ཕུན་ཚོགས་གླིང་ལུ་ ཚོང་ཉོ་བར་འོང་པའི་སྐབས་ སྤྱི་ཟླ་༤ པའི་ཚེས་༡༣ གྱི་ཕྱི་རུ་ རྒྱ་གར་གྱི་ ཕོ་སྐྱེས་ཅིག་དང་ཕྱདཔ་ད་ ཁོ་གིས་ ཟ་ཁང་ནང་ བུམོ་ཡོདཔ་ལས་ ཏི་རུ་༣,༠༠༠ བྱིན་པ་ཅིན་ ཞག་སྡོད་བཏུབ་ཟེར་སླབ་ནུག་ཟེར་བཀོད་ནུག།
སྐྱེས་ལོ་༡༨ ལང་མི་ ཨམ་སྲུ་དེ་ སྦོང་སྒོཔ་ཟ་ཁང་ནང་ལས་ འཛིན་བཟུང་འབད་ཡོདཔ་ད་ ཡོངས་གྲགས་ལུ་ ཡེ་ཤེས་དང་ ཆོས་བཟང་ཟེར་ མིང་བཏགས་མི་ ཨམ་སྲུ་དེ་གཉིས་ ན་ཧིང་ སྤྱི་ཟླ་༤ པའི་ནང་ ཇའི་སྒང་ལུ་སྡོད་མི་ ཡོངས་གྲངས་ལུ་ པི་ཀེ་ཡོན་ཟོན་ཟེར་མི་གིས་ འཁྱིད་འོང་སྟེ་ ཞག་༡༠ དེ་ཅིག་ ཕོ་སྐྱེས་སོ་སོར་དང་གཅིག་ཁར་ སྡོད་བཅུག་ནུག་ཟེར་ཨིན་པས།
བཤེར་ཡིག་དང་འཁྲིལཝ་ད་ ཨམ་སྲུ་གཉིས་ཀྱིས་ འགོ་དང་པ་ འོང་པའི་སྐབས་ དངུལ་ཀྲམ་༢༠,༠༠༠ རེ་འབག་སྟེ་ ལོག་དར་ཇི་གླིང་ལུ་ སོང་ཡོད་རུང་ སྤྱི་ཟླ་༣ པའི་ནང་ ལོག་འབོ་སྟེ་ ཕུན་ཚོགས་གླིང་ལུ་ལྷོདཔ་ད་ འབྲུག་པའི་འགྲུལ་འཕྲིན་གྱི་ ཨང་བཙུགས་ཏེ་ སམ་སུང་འགྲུལ་འཕྲིན་རེ་ ཉོ་བྱིན་ནུག་ཟེར་ཨིན་པས།
བུམོ་གཉིས་ཀྱིས་ ཞིབ་དཔྱད་འབད་མི་ཚུ་ལུ་ སྤྱི་ཟླ་༣ པའི་ཚེས་༣༠ ལས་ སྤྱི་ཟླ་༤ པའི་ཚེས་༡༣ ཚུན་ ཕུན་ཚོགས་གླིང་གི་ཟ་ཁང་སོ་སོར་ལས་ཕར་ ཕོ་སྐྱེས་སོ་སོར་ཚུ་དང་གཅིག་ཁར་ ཞག་ཉལ་ཡོདཔ་སྦེ་ སླབ་ཡོད་རུང་ པི་ཀེ་ཡོན་ཟོན་དེ་ ད་ལྟོ་ འཚོལ་བའི་བསྒང་ཡོདཔ་ལས་ འཛིན་བཟུང་འབད་བའི་ཤུལ་ལས་ ཞིབ་དཔྱད་འབད་དེ་ ཉེས་འཛུགས་འབད་ཟེར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བཀོད་ཡོད་པའི་གནས་ཚུལ།

སྐར་སྒྱུར་ བཀྲིས་བསྟན་འཛིན།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *