༉ མོང་སྒར་རྫོང་ཁག་ གནམ་གླིང་བྱག་གུ་ལས་མར་ སྣུམ་འཁོར་བོ་ལེ་རོ་ཅིག་ རྦོབ་རིལ་འགྱོ་བའི་སྐབས་ སྐྱེས་ལོ་༣༡ ལང་མི་ ཕོ་སྐྱེས་ཅིག་ ཁ་འཐུམས་མར་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ ཕོ་སྐྱེས་གཞན་༨ ལུ་ རྨ་སྐྱོན་སྦོམ་བྱུངམ་ལས་ སྨན་བཅོས་འབད་བའི་བསྒང་འདུག།
རྐྱེན་ངན་དེ་ཡང་ སྤྱི་ཟླ་༦ པའི་ཚེས་༡༥ གི་ཕྱི་རུ་ ཆུ་ཚོད་ཕྱེད་དང་བཅུ་ཐམ་དེ་ཅིག་ཁར་ མོང་སྒར་ཁྲོམ་ལས་ ཀི་ལོ་མི་ཊར་༧༠ ལྷགཔ་ཅིག་གི་ས་གནས་ གནམ་གླིང་བ་རག་ལུ་གུ་ལས་མར་ སྣུམ་འཁོར་རྦོབ་རིལ་འགྱོ་མིའི་ནང་ དེད་གཡོགཔ་བརྩི་སྟེ་ ཕོ་སྐྱེས་༩ ཡོདཔ་ཨིན་པས།
དེ་ཡང་ གཞུང་ལམ་འོག་ལས་ མི་ཊར་༣༠༠ དེ་ཅིག་གི་ས་ཁར་ རྦོབ་རིལ་སོངམ་ད་ མཐོང་མི་ཚུ་གིས་ རྒྱལ་པོའི་ ཞིང་ལུ་ཡོད་མི་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ ཁྲིམས་སྲུང་འགག་པ་དང་ མོང་སྒར་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ལས་ སྨན་གཡོགཔ་དང་ ནདཔ་སྐྱེལ་ལེན་སྣུམ་འཁོར་༢ ནུབ་མོའི་ཆུ་ཚོད་༡༠ ལུ་ བཏང་ནུག།
སྣུམ་འཁོར་དེ་ བྱག་གུ་ལས་མར་ རྦོབ་རིལ་ནི་དེ་གིས་ སྲོག་སྐྱབས་ཀྱི་ ཕན་གྲོགས་འབད་མི་ཚུ་གིས་ སྤྱི་ཟླ་༦ པའི་ཚེས་༡༦ གི་ དྲོ་པའི་ཆུ་ཚོད་༤ དེ་ཅིག་ཁར་རྐྱངམ་གཅིག་ རྨ་བཏོན་ཁྲག་བཏོན་འབད་མི་ཚུ་ ལམ་ཁར་བཏོན་ཚུགས་པའི་ཤུལ་ལས་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།
གཙོ་བསྟེན་སྨན་ཁང་གི་ སྨན་གཡོགཔ་ཚུ་གིས་ སླབ་མིའི་ནང་ རྨ་སྐྱོན་བྱུང་མི་༨ ལས་༡ གནས་སྟངས་ཚབས་ཆེན་ཡོད་མི་ལུ་བརྟེན་ ཚབས་ཆེན་སྨན་བཅོས་སྡེ་ཕྲན་ནང་ བཞག་སྟེ་ཡོད་ཟེར་ཨིནམ་ད་ ནདཔ་གཞན་ཚུ་ བདུན་ཕྲག་༡ གི་རིང་ སྨན་བཅོས་དང་ ལྟ་རྟོག་འབད་ཞིནམ་ལས་ དུམ་གྲ་རེ་ དྲག་པ་ཅིན་ གཡུས་ཁར་གཏང་འོང་ཟེར་ བཤདཔ་ཨིན་པས།
རྒྱལ་པོའི་ཞིང་གི་ ཁྲིམས་སྲུང་འགག་པ་གིས་ ཉམས་རྒུདཔ་ཕོ་སྐྱེས་ཚུ་ ད་ལྟོ་ ཁྲུམ་ཤིང་ལ་ལུ་ མཆོད་རྟེན་ཅིག་ བཞེངས་པའི་བསྒང་ཡོད་མིའི་ ལས་མི་ཨིནམ་བཞིན་དུ་ རྐྱེན་ངན་བྱུང་པའི་སྐབས་ མོང་སྒར་ལས་ ཁྲུམ་ཤིང་ལ་ལུ་ འགྱོ་བའི་བསྒང་ཨིན་པས་ཟེར་ བཤདཔ་ཨིན་པས།
བྱུང་རྐྱེན་དེ་ཡང་ སྣུམ་འཁོར་དེ་ གནམ་གླིང་ལུ་ལྷོདཔ་ད་ ས་སྨུག་སྤུབས་མི་ལུ་བརྟེན་ མིག་གིས་ལེགས་ཤོམ་སྦེ་ མཐོང་མ་ཚུགས་པར་ བྱུང་ཡོདཔ་བཟུམ་ཅིག་འདུག་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤདཔ་ཨིན་པས།
སྣུམ་འཁོར་དེད་གཡོགཔ་མ་བརྩིས་བར་ ཤི་རྐྱེན་བྱུང་མི་ཕོ་སྐྱེས་དང་ ཕོ་སྐྱེས་གཞན་༥ འབྲས་སྤུངས་རྒེད་འོག་ བཟུང་ལེན་གཡུས་ཚན་ལས་ཨིནམ་ད་ ཐང་རོང་དང་ ལྕགས་སི་མཁར་རྒེད་འོག་ལས་ ཕོ་སྐྱེས་༢ ཡོདཔ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༡༦ གི་ཉིན་མར་ རྫོང་ཁག་སྐྱིད་སྡུག་འགོ་དཔོན་གྱིས་ མི་དབང་མངའ་བདག་རིན་པོ་ཆེའི་ ཐུགས་གསོ་སྦེ་ ཚེ་འདས་ཀྱི་ བཟའ་ཚང་ལུ་ དངུལ་ཀྲམ་༡༠,༠༠༠ གནང་ཡོད་པའི་ཁར་ མི་དབང་རྒྱལ་ཚབ་ཡིག་ཚང་ལས་ གཟིམ་དཔོན་འོགམ་གིས་ འགོ་ཁྲིད་ཐོག་ ཉམས་རྒུདཔ་དང་ ཁོང་གི་བཟའ་ཚང་ཚུ་ལུ་ དྲོ་མཛར་ལྟོ་ཅིག་ཡང་གནང་ཡི།
ད་རུང་ སྨན་ཁང་གིས་ བཟའ་ཚང་ཚུ་སྡོད་ནིའི་ ཁང་མིག་དང་ བཟའ་འཐུང་ཚུ་ བྱིན་དོ་ཡོདཔ་ཨིན་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།