གསར་སྤང་ཆུ་གཟར་སྒང་རྒེད་འོག་གི་ མི་སེར་ཚུ་གིས་ མའོ་ཁོ་ལ་གཙང་ཆུ་གུ་ལས་ གནས་སྐབས་ཀྱི་ རྐང་ཟམ་རྐྱབ་པའི་བསྒང་།

མའོ་ཁོ་ལ་གཙང་ཆུ་གུ་ལས་ རྐང་ཟམ་རྐྱབ་ཡོདཔ།

༉ གསར་སྤང་ཆུ་གཟར་སྒང་རྒེད་འོག་གི་ མི་སེར་ཚུ་གིས་ མའོ་ཁོ་ལ་གཙང་ཆུ་གུ་ལས་ གནས་སྐབས་ཀྱི་ རྐང་ཟམ་ཅིག་ རྐྱབ་མི་དེ་ སྤྱི་ཟླ་༡༠ པའི་ཚེས་༢༧ ལུ་ བསྒྲུབས་ཡོདཔ་ཨིན་པས།
རྐང་ཟམ་དེ་ལུ་བརྟེན་ ཆུ་གཟར་སྒང་དང་ ཨུམ་གླིང་ རྟ་རེ་ཐང་དང་ གསེར་གཞོང་རྒེད་འོག་༤ འི་ མི་སེར་ཚུ་ ཕར་ཚུར་འགྱོ་ནི་ལུ་ ཕན་ཐོགས་འབྱུང་ནི་ཨིནམ་ད་ ཟམ་དེ་ ལོ་བསྟར་བཞིན་དུ་ གནམ་དགུན་གྱི་ དུས་ཚོད་ཁར་ རྐྱབ་ནི་ཡོདཔ་ཨིན་པས།
གནམ་བྱཱར་གྱི་སྐབས་ལུ་ གཙང་ཆུ་བྲེས་ཏེ་ གནས་སྐབས་ཀྱི་ཟམ་ འཕྱག་བདའ་མི་ལུ་བརྟེན་ མི་སེར་ཚུ་ གསེར་གཞོང་བརྒྱུད་དེ་ དགེ་ལེགས་ཕུག་ཚ་ཆུའི་ ས་ཁོངས་ལས་སྦེ་ ལམ་འགྲུལ་འབད་དགོཔ་ལས་ དགེ་ལེགས་ཕུག་ལུ་ ལྷོད་ཚུགས་ཚུགས་ལུ་ དུས་ཡུན་ཆུ་ཚོད་༡ དེ་ཅིག་ འགོརཝ་ཨིན་ཟེར་ ཆུ་གཟར་སྒང་ལུ་ སྡོད་མི་ཅིག་གིས་ བཤདཔ་ཨིན་པས།
གནས་སྐབས་ཀྱི་ ཟམ་ལག་ལེན་འཐབ་ད་ དགེ་ལེགས་ཕུག་ལུ་ དུས་ཡུན་ཆུ་ཚོད་ཕྱེད་ནང་ ལྷོད་དོ་ཡོདཔ་ཨིན་པས།
ཤིང་ཟམ་རྐྱབ་ནིའི་དོན་ལུ་ ཆུ་གཟར་སྒང་རྒེད་འོག་གིས་ ཤིང་ཆས་བཏོན་ནིའི་ གནང་བ་ལེན་ནི་དང་ གཙང་ཆུའི་ཁ་བསྒྱུར་གཏང་ཐབས་ལུ་ ས་རྐོ་འཕྲུལ་ཆས་ཅིག་ རྒྱབ་སྐྱོར་འབད་ཡོདཔ་ད་ ལས་མི་ཚུ་ མི་སེར་ཁོང་ར་གིས་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
ཆུ་གཟར་སྒང་ལས་ པདྨ་ཚེས་ཅུ་གིས་ སླབ་མིའི་ནང་ ཤིང་ཟམ་དེ་ ལོ་བསྟརབཞིན་དུ་ རྐྱབ་ནི་ཡོད་རུང་ ད་ལས་ཕར་ གཞུང་གསརཔ་གིས་ སྐུལ་བསྒྲགས་སྐབས་ ཁས་བླངས་འབད་དོ་བཟུམ་ མའོ་ཁོ་ལ་གུ་ ཟམ་བཟོ་སྐྲུན་འབད་འོང་མནོ་བའི་ རེ་བ་བསྐྱེད་དོ་ཟེར་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ།

 

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *