༉ རྒྱ་ནག་དང་ རྒྱ་གར་གྱི་བར་ནའི་ ས་མཚམས་ས་གནས་ དོག་ལམ་གྱི་སྐོར་ལས་ བྲེལ་ཟིང་ཐོན་ཏེ་ ཟླཝ་དག་པ་ཅིག་ལང་མིའི་སྐོར་ལས་ ཁ་ཙ་ མའུན་ཊེན་ཨི་ཀོསི་ལས་རིམ་ནང་ བཅའ་གཏོགས་མི་ཚུ་གི་བར་ན་ ལོ་རྒྱུས་དུམ་གྲ་ཅིག་ ཐོན་ཡི།
གནད་དོན་དེ་ཡང་ རྒྱ་གར་གྱི་རྒྱང་མཐོང་ ཨེན་ཌི་ཊི་བི་ནང་ལཱ་འབད་མི་ གནས་ཚུལ་བསྡུ་བཀོདཔ་ཅིག་གིས་ བྱེལཝ་དེ་ ལུང་ཕྱོགས་ནང་ ཚ་གྱང་ལང་པའི་གཞི་ཅིག་ ཨིན་མས་ཟེར་སླབ་ཅི།
དེ་ལུ་ ནེ་པཱལ་ལས་ སུ་ཇིཕ་ ཤ་ཀེ་གིས་ དཔྱེ་གཏམ་ལས་ གླངམོ་ཆེ་སྦོམ་གཉིས་འཐབ་འཛིང་འབདཝ་ད་ སྦུག་ལུ་ཡོད་མི་རྩྭ་ཚུ་ ལས་ཀྱིས་ར་ མེདཔ་འགྱོ་འོང་ཟེར་ སླབ་དོ་བཟུམ་སྦེ་ བྱེལཝ་འཐོན་པ་ཅིན་ རྒྱལ་ཁབ་གཉིས་ཀྱི་བར་ན་ ཚུད་མི་ཚུ་ལུ་ གནོད་པ་འབྱུང་འོང་ཟེར་ བཤད་ཅི།
སྒེར་གྱི་གནས་ཚུལ་ལས་ཁང་ བུ་ཊ་ནིསི་གི་རྩོམ་སྒྲིགཔ་ བསྟན་འཛིན་ལམ་བཟང་གིས་ ད་རེས་ནངས་པར་ རྒྱ་ནག་དང་ རྒྱ་གར་གྱི་སྐོར་ལས་ གནས་ཚུལ་རྫུན་མ་འབྲི་མི་ ལེ་ཤ་ཐོན་དོ་ཡོདཔ་ལས་ ཚ་གྱང་ལང་པའི་གཞི་ཅིག་ཨིན་རུང་ རྒྱ་གར་དང་ རྒྱ་ནག་གིས་ བྱེལཝ་དེ་ མོས་མཐུན་ཐོག་ལས་ སེལ་དགོ་ཟེར་ སླབ་མ་ཚད་ ང་བཅས་ག་ར་ ཞི་བདེ་དགོཔ་གལ་ཆེ་ཟེར་ ཨིན་པས།
སྤ་རོ་ལུ་ཡོད་མི་ རྒྱལ་འཛིན་སློབ་སྡེའི་སློབ་རིམ་༨ པའི་སློབ་ཕྲུག་ མོ་ནཱཤ་ མོང་གར་གྱིས་ བསྟན་འཛིན་ལམ་བཟང་ལུ་ རྒྱ་གར་གྱིས་ དོག་ལམ་གྱི་གནད་དོན་ནང་ འབྲུག་ལུ་ ག་དེམ་ཅིག་ གནོདཔ་བཀལཝ་སྨོ་ཟེར་ དྲི་བ་བཀོད་ཅི།
དེ་ལུ་ བསྟན་འཛིན་ལམ་བཟང་གིས་ རྒྱལ་ཁབ་ག་ཏེ་འབད་རུང་ རྒྱལ་ཁབ་གཉིས་ཀྱི་བར་ན་ མཐུན་ལམ་ལེགས་ཤོམ་འོང་ནི་དེ་ ལཱ་ཁག་ཨིན་རུང་ ཁོ་རའི་ བསམ་འཆར་བཀོད་དོ་བཟུམ་འབད་བ་ཅིན་ རྒྱ་གར་གྱིས་ འབྲུག་ལུ་ གྲོགས་རམ་རྒྱ་ཆེ་དྲགས་སྦེ་ འབད་དོ་ཡོདཔ་ལས་ རྒྱལ་ཁབ་ཀྱི་བསྒྱུར་བ་ཡང་ སོང་ཡོདཔ་མ་ཚད་ ཆིངས་ཡིག་མང་རབས་ཅིག་ལུ་ བསྒྱུར་བ་བཟོ་སྟེ་ཡོད་ཟེར་བཤད་ཅི།
དེ་འབདཝ་ལས་ རྒྱལ་ཁབ་གཅིག་གིས་གཅིག་ལུ་ མཐུན་ལམ་ཐོག་ལས་ བརྩི་མཐོང་འབད་དགོ་ཟེར་ ཁོ་གིས་ བཤད་ཡོདཔ་ད་ ད་རུང་ སློབ་སྡེ་དེ་ནང་ལས་ སློབ་རིམ་༨ པའི་སློབ་ཕྲུག་ ཚེ་དབང་རྡོ་རྗེ་གིས་ ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ་ལུ་ འབྲུག་གིས་ རྒྱལ་ཁབ་གཞན་ཚུ་ལུ་ གྲོགས་རམ་ག་དེ་སྦེ་ འབདཝ་སྨོ་ཟེར་ དྲི་བའི་སྐབས་ བང་ལ་དེཤ་ལས་ཨིན་མི་ ཀེ་ ཨ་ནིསི་ ཨཱ་མེཌ་གིས་ གྲོགས་རམ་གྱི་ཐད་ཁར་ ལེ་ཤ་འབད་དེ་ཡོད་ཟེར་ སླབ་ཅི།
ལས་རིམ་དེ་སྐབས་ དཔའ་བོ་ཆོས་དབྱིངས་རྡོ་རྗེ་གིས་ གུ་རུ་རིན་པོ་ཆེ་དང་ ཁོ་རའི་སྤྲུལ་པ་ཚུ་ ག་དེ་སྦེ་ འབྲུག་ལུ་ ཡོངས་གྲགས་ཡོད་མི་ བླམ་དང་སྤྲུལ་སྐུ་ གཏེར་སྟོན་ཚུ་ལུ་ སྤྲུལ་ཡོདཔ་ཨིན་ནའི་སྐོར་ལས་ རྒྱལ་རབས་བཤད་ཅི།
དེ་སྐབས་ ཁོ་གིས་ འབྲུག་ལུ་ བླ་སྤྲུལ་ལེ་ཤ་ཡོད་རུང་ མང་ཤོས་ར་ འབྲུག་ལུ་འཁྲུངས་མི་ཚུ་མེད་རུང་ གཏེར་སྟོན་པདྨ་གླིང་པ་རྐྱངམ་གཅིག་ འབྲུག་ལུ་འཁྲུངས་ཡོད་པའི་ཁར་ རྒྱལ་རབས་ཅན་གྱི་ ཕྱག་ལཱ་ལེ་ཤ་གནང་ཡོད་རུང་ འབྲུག་པའི་ཟླ་ཐོ་ནང་ གཏེར་སྟོན་གྱི་སྐོར་ལས་ ཚེས་གྲངས་གཅིག་ཡང་ ཚུད་དེ་མེདཔ་ལས་ གཞུང་གིས་གཏེར་སྟོན་ལུ་ གུས་ཞབས་དང་ བརྩི་མཐོང་འབད་ནིའི་དོན་ལུ་ ཟླ་ཐོ་ནང་ ཚུད་དགོ་པའི་དུས་ཚོད་ མ་རན་ག་ཟེར་དྲི་ཡི།
ལས་རིམ་ནང་ འབྲུག་དང་ རྒྱ་གར་ དེ་ལས་ ནུབ་ཕྱོགས་རྒྱལ་ཁབ་ཚུ་ལས་ བཅའ་མར་གཏོགས་མི་ལེ་ཤ་གིས་ ལོ་བསྟར་བཞིན་དུ་ ལས་རིམ་ནང་ གནད་དོན་འདྲ་མིན་སྣ་ཚོགས་ཐོག་ལས་ གསལ་བཤད་དང་ སྤྲོ་སྟོན་གྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ཡོདཔ་ཨིན་པས།
ད་རིས་ཕྱི་རུ་ འབྲུག་པའི་དགོད་བྲོ་བསྒྱུར་མི་ ཕུར་པ་འཕྲིན་ལས་དང་ མགོནམ་ཚེ་རིང་གཉིས་ཀྱིས་ཡང་ བློ་ཟེ་བསྒྱུར་ནིའི་ ལས་རིམ་ཡོད་པའི་གནས་ཚུལ།
བཀྲིས་བསྟན་འཛིན།