༉ སྤྱི་ཟླ་༣ པའི་ཚེས་༣ ལུ་ རྩི་རང་རྫོང་ཁག་ མཚོ་གླིང་མཁར་གྱི་ རྒེད་འོག་གདམ་ངོའི་འཛོམས་འདུ་ འགོ་འདྲེན་འཐབ་པའི་སྐབས་ འདེམས་ངོ་སྦེ་ གདམ་འཐུ་མ་གྲུབ་མི་ རྒྱལ་ཡོངས་ཚོགས་སྡེའི་ མི་ངོམ་ཅིག་གིས་ རྒེད་འོག་དེ་གི་རྒཔོ་ལུ་ ཉོགས་བཤད་བཀོད་མི་དེ་ནང་ གདམ་ངོའི་འཛོམས་འདུའི་བྱ་རིམ་སྐབས་ རྒཔོ་གིས་ ངན་ལྷད་དང་ དབང་ཚད་ལོག་སྤྱོད་འབད་བའི་ ཁ་ཉེས་བཀལ་ནུག།
ཉོགས་བཤད་ཡི་གུ་དེ་ཡང་ རྫོང་ཁག་བཙག་འཐུ་ཉོགས་སེལ་ཚོགས་ཆུང་ནང་ བཙུགས་ཡོདཔ་ཨིན་རུང་ ཚོགས་ཆུང་གི་ཁ་ཐུག་ལས་ གཞུང་འབྲེལ་ཐོག་ ཉོས་བཤད་ཐོ་བཀོད་མ་འབད་བར་ཡོད་ཟེར་ འཐུས་མི་ཚུ་གིས་ བཤདཔ་ཨིན་པས།
ད་རུང་ འཐུས་མི་ཚུ་གིས་ ཉོགས་བཤད་དེ་ ཐོ་བཀོད་མ་འབད་བའི་ཧེ་མར་ ཉོགས་བཤད་བཀོད་མི་དེ་ལུ་ ཁ་ཉེས་བཀལ་བའི་ གནད་དོན་དེ་ཚུ་ ངེས་བདེན་ཨིན་མེན་ ཞིབ་དཔྱད་འབད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
ཚོགས་རྒྱན་༤༣ གྱིས་ གདམ་ངོ་གྲུབ་མ་ཚུགས་མི་ རམ་ཀུ་མར་ ནིའུ་པ་ནི་གིས་ རྒཔོ་པ་སངས་ཐིང་ཏ་མང་ལུ་ གདམ་ངོའི་འཛོམས་འདུའི་ ཚོགས་རྒྱན་གྱི་ གྲུབ་འབྲས་ཚུ་ སྔ་གོང་ལས་ མངོན་ཤེས་འབད་བའི་ ཁ་ཉེས་བཀལ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ རྒཔོ་གིས་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ འགྲུལ་འཕྲིན་བཏང་སྟེ་ ཁོ་གི་སྐོར་ལས་ མ་བདེན་པའི་ ལོ་རྒྱུས་ཚུ་ སླབ་ཐོག་ལས་ བརྙས་བཅོས་དང་ སྐུར་འདེབས་འབད་ནུག་ཟེར་ཨིན་པས།
ཚོགས་ཆུང་ལུ་ ཉོགས་བཤད་ཡི་གུ་བཙུགས་མི་དེ་ནང་ འཛོམས་འདུ་འགོ་མ་བཙུགས་པའི་ ཉིནམ་༡ གི་ཧེ་མར་ རྒཔོ་གིས་ ཁོ་ལུ་ འགྲུལ་འཕྲིན་ནང་ ཕམ་སོ་རུང་ སེམས་སྒྲིང་སྒྲི་སྡོད་དགོཔ་སྦེ་ སླབ་ནུག་ཟེར་ཨིན་བས།
ད་རུང་ ཉོགས་བཤད་བཀོད་མི་གིས་འབད་བ་ཅིན་ རྒཔོ་གིས་ སྒོ་གསར་གླིང་དང་ མཚོ་གླིང་མཁར་རྒེད་འོག་ལས་ མི་སེར་སྡེ་ཚན་ཅིག་ རྒཔོ་འབད་སར་འོང་སྟེ་ ཉོགས་བཤད་བཀོད་མིའི་ དོ་འགྲན་པ་ལུ་ རྒྱབ་སྐྱོར་འབད་དགོཔ་སྦེ་ ཨུ་ཚུགས་བསྐྱེད་ནུག་ཟེར་ཨིན་པས།
རྒཔོ་གིས་ དེ་སྦེ་སླབ་ད་ བདེན་འཛིན་རེ་མ་ཚུགས་རུང་ ཤུལ་ལས་ རྒཔོ་གིས་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ འགྲུལ་འཕྲིན་བཏང་སྟེ་ ཁོ་རའི་རྒྱབ་སྐྱོར་པ་ཚུ་ ཁོ་དང་དོ་འགྲན་འབད་མི་ ཁ་ཐུག་ལུ་ འགྱོ་བཅུག་དོ་ཡོད་པའི་ ལོ་རྒྱུས་སླབ་སར་གོཝ་ད་ རྣམ་རྟོག་ལང་ཡི་ཟེར་ཨིན་པས།
ད་རུང་ ཁོ་གིས་ རྒཔོ་ལུ་ ཁ་ཉེས་བཀལ་མིའི་ནང་ འཛོམས་འདུ་འགོ་མ་བཙུགས་པའི་ཧེ་མར་ རྒཔོ་གིས་ ཁོ་ལས་ དངུལ་ཀྲམ་༢༥,༠༠༠ ནང་གསུག་དགོཔ་སྦེ་སླབ་ད་ ཁོ་གིས་ ངོས་ལེན་མ་འབད་ཟེར་ཨིན་པས།
རྒཔོ་པ་སངས་ཐིང་ཏ་མང་གིས་འབད་བ་ཅིན་ ཁོ་དང་ གདམ་ངོ་དེ་ ཧེ་མ་ལས་ར་ འཆམ་ཤོས་ཅིག་ཨིནམ་ལས་ བཙག་འཐུའི་ནང་ བཅའ་མར་གཏོགས་ནིའི་སྐོར་ བསླབ་བྱ་དགོཔ་སྦེ་སླབ་ད་ ཆ་རོགས་ཅིག་འབདཝ་ལས་ ཉམས་མྱོང་བརྗེ་སོར་འབད་ཡི་ཟེར་ཨིན་པས།
ཉོགས་བཤད་བཙུགས་མི་དེ་གིས་ ཁོ་ལུ་ ཁ་ཉེས་བཀལ་མིའི་ཐད་ལུ་ རྒཔོ་གིས་འབད་བ་ཅིན་ ཁོ་ར་ སྲིད་དང་འབྲེལ་བ་མེད་པའི་ འགོ་འཛིན་ཅིག་ཨིནམ་ ཧ་གོ་མི་ལུ་བརྟེན་ ཚོགས་རྒྱན་བཙུགས་པར་ མི་མངམ་འོང་ཐབས་ལུ་ ཚོགས་རྒྱན་བཙུགས་པར་ འོང་དགོཔ་སྦེ་ སླབ་ཡོདཔ་མ་ཚད་ ཚོགས་རྒྱན་སྐྱུར་མིའི་ ངོས་འཛིན་འདྲ་པར་ཡང་ བགོ་བཀྲམ་འབད་ཡི་ཟེར་ཨིན་པའི་གནས་ཚུལ།