མཚེ་མ་མཉམ་འབྱར་མ་ རེས་གཟའ་སྤེན་པ་ལུ་ གཤག་བཅོས་འབད་ནིའི་ལས་འཆར།

༉ ད་རེས་ནངས་པར་ ཨཱསི་ཊེ་ལི་ཡའི་ཁྲོམ་སྡེ་ མཱེལ་བཱོརན་ལུ་ འབྲུག་གི་མཚེ་མ་མཉམ་འབྱར་མའི་ གཤག་བཅོས་དེ་ ནངས་པ་རེས་གཟའ་སྤེན་པ་ལུ་ འབད་ནི་སྦེ་ གཏན་འཁེལ་སོང་ཡོདཔ་ད་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ཨ་ལོའི་མཁས་མཆོག་ ཀརྨ་ཤེས་རབ་ཀྱིས་ སླབ་མིའི་ནང་ ད་རེས་ནངས་པར་ གནས་སྟངས་ལེགས་ཤོམ་ནང་ཡོད་ཟེར་ཨིན་པས།
ཌོག་ཊར་ཀརྨ་ཤེས་རབ་ཀྱིས་འབད་བ་ཅིན་ མཱེལ་བཱོརན་རྒྱལ་ཡོངས་ཨ་ལོའི་སྨན་ཁང་གི་ གཤག་བཅོས་མཁས་མཆོག་གིས་ འདས་པའི་ཟླཝ་ནང་ གཤག་བཅོས་ཀྱི་དུས་ཚོད་ ཕར་འགྱངས་འབད་དགོ་མི་དེ་ཡང་ ཨ་ལོ་མཚེ་མའི་ རྗིད་ཚད་དང་མ་ལྡན་ནི་དེ་གིས་ཨིན་མས་ཟེར་ཨིན་པས།
ཕྱི་རྒྱལ་གྱི་ བརྡ་བརྒྱུད་དང་འཁྲིལཝ་ད་ མ་གཞི་ གཤག་བཅོས་དེ་ སྤྱི་ཟླ་༡༠ པའི་ཚེས་༡༢ ལུ་ རྐྱབ་ནི་ཨིན་རུང་ ཚེས་གྲངས་ཕར་འགྱངས་འབད་མི་དེ་ ཟླ་བ་གི་ གཟུགས་སྟོབས་ཡར་དྲག་གཏང་ནིའི་དོན་ལུ་ཨིན་པས།
ཌོག་ཊར་ཀརྨ་ཤེས་རབ་ཀྱིས་ བཤད་མིའི་ནང་ གཤག་བཅོས་འབད་ཚར་བའི་ཤུལ་ལས་ རྨ་ལས་དྲག་ནིའི་དོན་ལུ་ ཟླཝ་༡༥ ལང་མི་ བུམོ་༢ ཀྱི་གཟུགས་ སྒྲིང་སྒྲི་དགོཔ་ཁག་ཆེ་ཟེར་ཨིནམ་ད་ ཌོག་ཊར་ཀརྨ་ཤེས་རབ་དང་ སྨན་གཡོགམོ་ཅིག་ ཨཱསི་ཊེ་ལི་ཡ་ལུ་ བཟའ་ཚང་དང་གཅིག་ཁར་ གཤག་བཅོས་ཀྱི་དོན་ལུ་ སྒུག་སྟེ་ཡོདཔ་ཨིན་པས།
ཨ་ལོའི་ཨའི་བུམ་ཆུ་བཟང་མོ་གིས་ ཕྱིའི་བརྡ་བརྒྱུད་ལུ་ བཤད་མི་དང་འཁྲིལཝ་ད་ ད་རེས་ནངས་པར་ ཨ་ལོའི་གཟུགས་ལུ་ ཤུགས་བཏགས་ཡོད་ནི་དེ་གིས་ སེམས་དགའ་སྟེ་ཡོདཔ་ད་ ཌོག་ཊར་ཚུ་གིས་ གཤག་བཅོས་ཀྱི་ཚེས་གྲངས་ ནམ་གཏན་འཁེལ་སྦེ་ སླབ་འོང་ག་ སྒུག་སྡོད་ཡོད་ཟེར་ཨིན་པས།
ན་ཧིང་ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ ཕུན་ཚོགས་གླིང་སྨན་ཁང་ནང་ གཤག་བཅོས་ཐོག་ལས་ ཨའི་གི་མངལ་ནང་ལས་བཏོན་མི་ བུམོ་མཚེ་མ་མཉམ་འབྱར་མ་དེ་ བྱང་ཁོག་སྨད་དང་ ཁོང་གི་ཕོཝ་ལས་ གཟུགས་མཐུད་དེ་ཡོདཔ་ཨིན་པས།
ཕྱི་རྒྱལ་གྱི་ བརྡ་བརྒྱུད་ནང་ སྔོན་འགྲོའི་བརྟག་ཞིབ་དང་འཁྲིལཝ་ད་ བུམོ་དེ་གཉིས་ལུ་ མཆིནམ་གཅིག་དང་ རྒྱུ་མ་ཆ་ཤས་ཅིག གཅིག་ཁར་འདུག་ཟེར་ བཀོད་ཡོདཔ་ད་ ཨཱསི་ཊེ་ལི་ཡ་ལུ་ གཤག་བཅོས་འབད་ནིའི་དོན་ལུ་ ཨ་ལོ་འགོ་དང་པ་གཞི་ཚོགས་ཟེར་མི་ གྲོགས་རམ་ཚོགས་པ་གིས་ མ་དངུལ་རྒྱབ་སྐྱོར་འབད་དོ་ ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *