མཚེ་མ་མཉམ་འབྱར་མ་ གཤག་བཅོས་ཐོག་ སོ་སོར་འཕྱལ་ནིའི་དོན་ལུ་ ཨཱསི་ཊེ་ལི་ཡ་ལུ་ལྷོད་ཡོདཔ།

གཤག་བཅོས་ཀྱི་ ཟད་འགྲོ་ཚུ་ གཞི་ཚོགས་ཀྱིས་ ཞལ་འདེབས་བསྡུ་ལེན་འབད་ཐོག་ལས་ གཏང་ནི་ཨིན་པས།

༉ འབྲུག་ལུ་ གཟུགས་མཉམ་འབྱར་སྦེ་སྐྱེས་མི་ ཨ་ལོ་མཚེ་མ་དང་པ་ཨིན་མི་ ཉི་མ་དང་ ཟླ་བ་དཔལ་སྒྲོན་དེ་ ཁོང་རའི་ཨའི་དང་གཅིག་ཁར་ ཁ་ཚ་ ཨཱསི་ཊེ་ལི་ཡའི་ཁྲོམ་སྡེ་ མེལ་བཱོརན་ལུ་ ལྷོད་ཡོདཔ་ཨིན་པས།
ཟླཝ་༡༤ ལང་མི་ བུམོ་མཚེ་མ་མཉམ་འབྱར་མ་ གཟུགས་སོ་སོར་འཕྱལ་ནིའི་ གཤག་བཅོས་དེ་ མེལ་བཱོརན་ལུ་ རྒྱལ་འཛིན་ཨ་ལོའི་སྨན་ཁང་ནང་ འབད་ནི་ཨིན་པས།
ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཨ་ལོའི་གཤག་བཅོས་མཁས་མཆོག་ཅིག་ཨིན་མི་ ཌོག་ཊར་ཀརྨ་ཤེས་རབ་ཀྱིས་ སླབ་མིའི་ནང་ གཤག་བཅོས་དང་ འཕུར་འགྲུལ་གྱི་ ཟད་འགྲོ་ཚུ་ ཨཱསི་ཊེ་ལི་ཡ་ལུ་ཡོད་མི་ གྲོགས་རམ་ཚོགས་པ་ ཨ་ལོའི་གཞི་ཚོགས་ཀྱིས་ རྒྱབ་སྐྱོར་འབད་ཡོདཔ་ད་ གཞི་ཚོགས་དེ་གིས་ གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ རྒྱལ་ཁབ་ཚུ་གི་ ཨ་ལོ་ཚུ་ལུ་ གཤག་བཅོས་མཁས་མཆོག་དང་ སྨན་བཅོས་ཀྱི་ ཞབས་ཏོག་མཁོ་སྤྲོད་འབད་ནི་ལུ་ གཙོ་བོར་བཏོནམ་ཨིན་པས།
ཕྱི་རྒྱལ་གྱི་ བརྡ་བརྒྱུད་དང་འཁྲིལཝ་ད་ མཚེ་མ་མཉམ་འབྱར་མའི་ གཤག་བཅོས་དང་ སྨན་བཅོས་ཀྱི་དོན་ལུ་ ཟད་འགྲོ་ཡུ་ཨེསི་ཌོ་ལར་༣༠༠,༠༠༠ གནས་ནི་ཨིན་མི་དེ་ གྲོགས་རམ་ཚོགས་པ་གིས་ ཞལ་འདེབས་བསྡུ་ལེན་འབད་ནི་གི་ རེ་བ་འདུག་ཟེར་ཨིན་པས།
གཞི་ཚོགས་ཀྱིས་ ཞལ་འདེབས་འབད་གནང་ཟེར་ ཞུ་བ་འབད་མི་དེ་ མི་སྡེ་བརྡ་བརྒྱུད་ནང་ལས་ཕར་ གསལ་བཀོད་འབད་མི་ལུ་བརྟེན་ མི་ཚུ་ལུ་ མ་དངུལ་གྱི་སྐོར་ལས་ མགུ་འཐོམ་དགོཔ་བྱུང་ནུག།
སྨན་ཁང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ཡི་གུ་ནང་ ཟད་འགྲོ་ཆ་མཉམ་ར་ གཞི་ཚོགས་ཀྱིས་ གཏང་ནི་ཨིན་རུང་ གཤག་བཅོས་ཀྱི་དོན་ལུ་ མ་དངུལ་བསྡུ་ལེན་འབད་འོང་ཟེར་ གསལ་བཀོད་འབད་དེ་ཡོདཔ་ཨིན་པས།
ཌོག་ཊར་ཀརྨ་ཤེས་རབ་ཀྱིས་འབད་བ་ཅིན་ གཤག་བཅོས་ཀྱི་དོན་ལུ་ ཟད་འགྲོ་སྦོམ་གནས་ནི་ཨིནམ་ལས་ ཨཱསི་ཊེ་ལི་ཡ་ལུ་སྡོད་མི་ འབྲུག་མི་ཚུ་གིས་ ཞལ་འདེབས་བྱིན་ནིའི་ བློ་འདོད་ཡོད་པ་ཅིན་ གཞི་ཚོགས་ལུ་ འབད་གནང་ཟེར་ཨིན་པས།
གཙོ་བསྟེན་སྨན་ཁང་ལས་འབད་བ་ཅིན་ ཌོག་ཊར་ཀརྨ་ཤེས་རབ་ཀྱིས་ ཨ་ལོ་མཚེ་མ་གཤག་བཅོས་འབད་ནིའི་དོན་ལུ་ ཟད་འགྲོའི་སྦྱིན་བདག་འབད་མི་ཚུ་དང་ སྨན་ཁང་དྲག་ཤོས་འཚོལ་ནིའི་དོན་ལུ་ ཤུགས་བཏོན་ཡི་ཟེར་ཨིནམ་ད་ ཁོ་གིས་ སིངྒ་པུར་དང་ ཨཱསི་ཊེ་ལི་ཡ་ རྒྱ་གར་རྒྱལ་ཁབ་ཚུ་ལས་ ཨ་ལོའི་གཤག་བཅོས་མཁས་མཆོག་ཚུ་དང་ གྲོས་བསྡུར་ལེ་ཤ་འབད་ཡོདཔ་ཨིན་པས།
ན་ཧིང་ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ ཕུན་ཚོགས་གླིང་སྨན་ཁང་ནང་ གཤག་བཅོས་ཐོག་ལས་ ཨའི་གི་མངལ་ནང་ལས་བཏོན་མི་ བུམོ་མཚེ་མ་མཉམ་འབྱར་མ་དེ་ བྱང་ཁོག་སྨད་དང་ ཁོང་གི་ཕོཝ་ལས་ གཟུགས་མཐུད་དེ་ཡོདཔ་ཨིན་པས།
ཕྱི་རྒྱལ་གྱི་ བརྡ་བརྒྱུད་ནང་ སྔོན་འགྲོའི་བརྟག་ཞིབ་དང་འཁྲིལཝ་ད་ བུམོ་དེ་གཉིས་ལུ་ མཆིནམ་གཅིག་དང་ རྒྱུ་མ་ཆ་ཤས་ཅིག གཅིག་ཁར་་འདུག་ཟེར་ བཀོད་ཡོདཔ་ད་ གཤག་བཅོས་དེ་ བདུན་ཕྲག་དག་པ་ཅིག་གི་ ནང་འཁོད་ལུ་ར་ འབད་ནི་མས་ཟེར་ཨིན་པས།
གཤག་བཅོས་དེ་ཡང་ གཤག་བཅོས་མཁས་མཆོག་༦ དང་ སྨན་གཡོགམོ་མཁས་མཆོག་༡༢ ལས་ལྷག་སྟེ་ཡོད་མི་ སྡེ་ཚན་ཅིག་གིས་ འབད་ནི་ཨིནམ་ད་ ཌོག་ཊར་ཀརྨ་ཤེས་རབ་དེ་ ཨ་ལོ་མཚེ་མ་དེ་ གཤག་བཅོས་ཀྱི་དོན་ལུ་ གྲ་སྒྲིག་འགྱོཝ་ད་ མེལ་བཱོརན་ལུ་ འགྱོ་ཐོག་ལས་ གཤག་བཅོས་འབད་བའི་སྐབས་ ལྟ་ཞིབ་འབད་ནི་ཨིན་པའི་གནས་ཚུལ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *