མདའ་རྩེད་འགྲན་བསྡུར་ མཐའ་བཅད་ཆུང་བ་ ད་རིས་འགོ་བཙུགས་ནི།

༉ ཁ་ཙ་ ཐིམ་ཕུག་ ལྕང་གླིང་མི་ཐང་གི་ རྒྱལ་ཡོངས་མདའ་རྩེད་ཐང་ནང་ རང་ལུགས་སྤག་ཤིང་མདའ་གཞུའི་ཐོག་ལས་ འབྲུག་དབང་རྒྱལ་མདའ་རྩེད་འགྲན་བསྡུར་ འགོ་འདྲེན་པའི་བསྒང་ཡོད་མི་ སྐོར་ཐེངས་༢ པ་མཇུག་བསྡུའི་ རྩེད་འགྲན་འབདཝ་ད་ སྡེ་ཚན་༢ ཆ་ར་གིས་ ལྕོགས་གྲུབ་ཚུ་བཏོན་ཐོག་ལས་ དོ་འགྲན་ཅན་གྱི་ རྩེད་འགྲན་འབད་བའི་བསྒང་ལས་ ལྟདམོ་བལྟ་བར་འོང་མི་དང་ མདའ་རྩེདཔ་ཚུ་ གཞན་དང་མ་འདྲ་བའི་ སྤྲོ་སྣང་ཐེབས་ཅིག་ར་བྱུང་ཡི།
དེ་ཡང་ བྷུ་དིས་ཨརཊ་དང་ རིན་དབྱངས་ཕྱིར་ཚོང་དང་ སྐྱེལ་འདྲེན་སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབདཝ་ད་ ཉིནམ་དང་པའི་ནང་ བྷུ་དིས་ཨརཊ་གིས་ སྐུགས་ཅིག་ཆོད་པའི་ཤུལ་ལུ་ རྒྱལ་ཕམ་ཕྱེ་མ་ཚུགས་པར་ ཁ་ཙ་ འཕྲོ་མཐུད་རྩེད་འགྲན་འབདཝ་ད་ སྡེ་ཚན་འདི་གིས་ སྐུགས་༢ པམ་དེ་ཡང་ ཆོད་དཔ་ལས་ སྐུགས་༢ ཆ་ར་ སྦྱེལཝ་སྦྱེལ་ས་ཆོད་དེ་ རྒྱལ་ཁ་ཐོབ་ཅི།
མ་གཞི་ ཡོངས་གྲགས་ལུ་ ཨོ་རོང་པ་སྡེ་ཚན་ཟེར་ རིན་དབྱངས་ཕྱིར་ཚོང་དང་ སྐྱེལ་འདྲེན་སྡེ་ཚན་གྱིས་ སྐུགས་དང་པ་ ཆོད་མ་ཚུགས་རུང་ སྐུགས་༢ པམ་དེ་ ཆོད་ནིའི་དཔའ་བཅམ་སྟེ་ དོ་འགྲན་ཅན་གྱི་ཐོག་ལས་ རྩེད་འགྲན་འབད་མི་གིས་ སྐུགས་༢༣ ཐོབ་ད་ བྱང་ཕྱད་སྡེ་ཚན་གྱིས་ སྐུགས་༡༥ ཐོབ་ནུག།
དེ་ལས་ སྡེ་ཚན་༢ ཆ་ར་གིས་ བཀག་རེག་གཅིག་ཤུལ་གཉིས་སྦེ་རྐྱབ་སྟེ་ སྐོར་ཐེངས་དག་པ་ཅིག་ རྩེད་འགྲན་འབད་ཡོད་རུང་ བྷུ་དིས་ཨརཊ་གི་ མདའ་རྩེདཔ་ཚུ་གིས་ མཉམ་རུབ་ཐོག་ལས་ དོ་འགྲན་འབདཝ་ལས་ སྐོར་ཐེངས་༣ གྱི་ནང་འཁོད་ལུ་ སྐུགས་ཆོད་ཡོདཔ་ཨིན་པས།
བྷུ་དིས་ཨརཊ་གིས་ བཀག་རེག་༤༦ དང་ རིན་དབྱངས་ཕྱིར་ཚོང་དང་ སྐྱེལ་འདྲེན་སྡེ་ཚན་གྱིས་ བཀག་རེག་༤༠ རྐྱབ་ཡོདཔ་ཨིན་པས།
མདའ་རྩེད་ནང་ ལྟདམོ་བལྟ་བར་འོང་མི་ མང་ཤོས་ཅིག་གིས་ སླབ་མིའི་ནང་ བྷུ་དིས་ཨརཊ་གིས་ ན་ཧིང་གི་ རྩེད་འགྲན་ནང་ལས་ དྲག་ཤོས་ཐོན་ཡོད་རུང་ དུས་ཅི་ མདའ་རྩེདཔ་ཚུ་ སྡེ་ཚན་སོ་སོ་ནང་ རྩེད་འགྲན་འབད་དོ་ཡོདཔ་ལས་ རྒྱལ་ཁ་ཐོབ་ཚུགས་པའི་ རེ་བ་མ་བསྐྱེད་ཟེར་ཨིན་པས།
ཨིན་རུང་ ལ་ལོ་ཅིག་གིས་ འབད་བ་ཅིན་ སྡེ་ཚན་དེ་ནང་ མདའ་རྩེདཔ་ཚུ་ ཧེ་མ་བ་དྲགཔ་སྦེ་ རྩེད་འགྲན་ལེགས་ཤོམ་འབད་མི་ཡོདཔ་ལས་ དུས་ཅི་གི་ འགྲན་བསྡུར་ནང་ལས་ཡང་ ཨང་དང་པ་ འཐོབ་ཚུགས་པའི་ གོ་སྐབས་སྦོམ་འདུག་ཟེར་ཨིན་པས།
དེ་ལས་ འོག་གི་འབའ་སྐྱོར་ནང་ ཀུར་སྟོད་རྒེད་འོག་དང་ བཀང་ལུང་རྒེད་འོག་གཉིས་ཀྱི་བར་ན་ རྩེད་འགྲན་འབདཝ་ད་ བཀང་ལུང་སྡེ་ཚན་གྱིས་ སྐུགས་༢ ཆོད་དེ་ རྒྱལ་ཁ་ཐོབ་ཡོདཔ་ལས་ མཐའ་བཅད་ཆུང་བའི་ རྩེད་འགྲན་འབད་ནིའི་ གོ་སྐབས་ཐོབ་ཅི།
ཀུར་སྟོད་རྒེད་འོག་གིས་ སྐུགས་དང་པ་ཆོདཔ་ད་ སྐུགས་༡༤ དང་ སྐུགས་༢ པ་ཆོདཔ་ད་སྐུགས་༨ ལས་བརྒལ་ ཐོབ་མ་ཚུགས་པའི་ཁར་ བཀག་རེག་བསྡོམས་༡༨ ཕོག་ནུག།
མདའ་རྩེད་འགྲན་བསྡུར་ནང་ རྒྱལ་ཁབ་ནང་འཁོད་ལས་ སྡེ་ཚན་༣༣ གྱིས་ བཅའ་མར་གཏོགས་ཡོདཔ་ད་ སྡེ་ཚན་༩ གིས་ མཐའ་བཅད་ཆུང་བའི་ནང་ལྷོད་ནུག།
ད་རིས་ གུ་རུ་དགྲ་ལྷ་དང་ སྟག་སེང་ཁྱུང་འབྲུག་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་ དེ་ལས་ དཀོན་མཆོག་རྣམ་རྒྱལ་སྡེ་ཚན་༤ གི་བར་ན་ མཐའ་བཅད་འོག་མའི་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *