སག་སྟེང་གི་ མདའ་རྩེདཔ་ཚུ་ མདའ་འཆམ་རྐྱབ་པའི་བསྒང་།

མདའ་རྩེད་འགྲན་བསྡུར་ནང་ སག་སྟེང་གི་སྡེ་ཚན་གྱིས་ བཀྲིས་སྒང་ཁྲོམ་སྡེའི་སྡེ་ཚན་ ཕམ་བཏང་ཡོདཔ།

༉ ལོ་བཅུ་ཕྲག་ལྷགཔ་ཅིག་གི་ཤུལ་ལུ་ བཀྲིས་སྒང་རྩེད་རིགས་ཚོགས་པ་གིས་ དུས་ཅི་ རང་ལུགས་སྤག་ཤིང་མདའ་གཞུའི་ཐོག་ལས་ མདའ་རྩེད་འགྲན་བསྡུར་ ལོག་སྟེ་ར་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ཁ་ཙ་ འགྲན་བསྡུར་གྱི་ རྩེད་འགྲན་དང་པའི་ནང་ སག་སྟེང་སྡེ་ཚན་གྱིས་ བཀྲིས་སྒང་ཁྲོམ་སྡེའི་ སྡེ་ཚན་དང་གཅིག་ཁར་ དོ་འགྲན་འབད་བའི་སྐབས་ སྡེ་ཚན་༢ ཆ་ར་ནང་ མདའ་རྩེདཔ་དྲག་ཤོས་༦ རེ་ཡོདཔ་ལས་ འགྲན་བསྡུར་དེ་ སྤྲོ་སྣང་ཅན་ཅིག་ལུ་ གྱུར་ཡོདཔ་ད་ འགྲན་བསྡུར་འགོ་བཙུགས་པའི་སྐབས་ སག་སྟེང་སྡེ་ཚན་དེ་ ས་ཁ་མཐོ་ས་ལས་འབད་ནི་དེ་གིས་ ས་ཁ་དམའ་ས་ལུ་ སྙོམས་སྒྲིག་འབད་མ་ཚུགས་པའི་ གདོང་ལེན་བྱུང་ཡོདཔ་ཨིན་པས།
ཆརཔ་རྐྱབ་མི་ལུ་བརྟེན་ དྲོད་ཤུགས་མར་བབས་སོང་ཡོདཔ་ལས་ མདའ་རྩེདཔ་ཚུ་ ཧེ་མ་ལས་ཉམས་མྱོང་ཡོད་པའི་ གནས་སྟངས་ནང་ ལྷོདཔ་བཟུམ་བྱུང་ཡོདཔ་བཞིན་དུ་ ཁོང་ཆ་ཁྱབ་ འབའ་གུ་ཚ་ལེགས་ཤོམ་སྦེ་ གཏད་ཚུགས་པའི་ཁར་ སྐུགས་ཡང་ཡར་སེང་སོང་ཡོདཔ་ཨིན་པས།
ཁོང་གི་ བྱང་ཕྱད་སྡེ་ཚན་གྱི་ མདའ་རྩེདཔ་ཚུ་ ཆརཔ་གིས་སྦང་སྟེ་ བསིལ་དྲག་བཟོ་ཡོདཔ་ཨིན་རུང་ ལ་ཁའི་མདའ་རྩེདཔ་ཚུ་ ཁོང་གི་ གྱོན་ཆས་སྟུག་དྲག་ཨིན་མི་ ཆུ་པ་གིས་ སྤུབས་ཡོདཔ་ད་ མདའ་རྩེདཔ་ག་ར་ ཁོང་རའི་ རང་ལུགས་ཀྱི་ གྱོན་ཆས་སྒྲིག་སྟེ་ འོང་ཡོདཔ་ཨིན་པས།
ཁྲོམ་སྡེའི་སྡེ་ཚན་གྱི་ དོ་དམ་ཀརྨ་གིས་ སླབ་མིའི་ནང་ གནམ་གཤིས་བསིལ་དྲག་འབདཝ་ལས་ ཁོ་གི་སྡེ་ཚན་གྱི་ མདའ་རྩེདཔ་ཚུ་ ལེགས་ཤོམ་འབད་ རྩེད་འགྲན་འབད་མ་ཚུགས་ཟེར་ཨིནམ་ད་ དེ་ཡང་ གྱང་ནི་དེ་གིས་ འབའ་གུ་ཚ་གཏད་ནིའི་ནང་ དཀའ་ངལ་བྱུང་ཡི་ཟེར་ཨིནམ་ད་ མདའ་རྩེདཔ་ལ་ལོ་ རྩེད་འགྲན་གྱི་བར་ནང་ལས་ གོ་ལ་སོར་དགོཔ་བྱུང་ཡོདཔ་ཨིན་པས།
དོ་དམ་གྱིས་ སླབ་མིའི་ནང་ རྩེད་འགྲན་འགོ་བཙུགས་པའི་སྐབས་ ཁོ་གི་སྡེ་ཚན་གྱིས་ ལེགས་ཤོམ་རྩེད་ཡི་ཟེར་ཨིནམ་ད་ ཆརཔ་མ་རྐྱབ་པ་ཅིན་ རྩེད་འགྲན་མཇུག་མ་བསྡུ་ཚུན་ སྡེ་ཚན་གྱི་ སྣ་ཁྲིད་འབད་དེ་ སྡོད་སྡོདཔ་འོང་ཟེར་ཨིན་པས།
རྩེད་འགྲན་གྱི་ བར་མཚམས་༢ པའི་སྐབས་ ཁྲོམ་སྡེའི་སྡེ་ཚན་གྱི་ སག་སྟེང་སྡེ་ཚན་ལས་ བཀག་རེག་༩ ཐེབས་ཕོག་ཡོདཔ་ད་ སག་སྟེང་སྡེ་ཚན་གྱི་ བཀག་རེག་༢ ལས་བརྒལ་ ཕོག་མ་ཚུགས་པའི་ཁར་ སྐོར་ཐེངས་༢༥ འི་ནང་ སྡེ་ཚན་༢ ཆ་ར་གིས་ བཀག་རེག་༡༦ རེ་ཕོག་ཡོདཔ་ཨིན་རུང་ ལ་ཁའི་སྡེ་ཚན་གྱིས་ སྐུགས་༢ ཆོད་པའི་སྐབས་ ཁྲོམ་སྡེ་གིས་ སྐུགས་༡ ལས་ བརྒལ་ཆོད་མ་ཚུགསཔ་ལས་ སག་སྟེང་གི་ སྡེ་ཚན་གྱིས་ གྱལ་ཁ་ཐོབ་སྟེ་ བྱང་ཕྱད་དེ་ རྩེད་འགྲན་ནང་ལས་ ཕྱིར་བཏོན་བཏང་ཡོདཔ་ཨིན་པས།
སག་སྟེང་སྡེ་ཚན་གྱི་ དོ་དམ་ བཀྲིས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ཆརཔ་མ་ཆད་པར་རྐྱབ་མི་དེ་གིས་ ཁོང་ལུ་ཡང་ དཀའ་ངལ་བྱུང་ཡི་ཟེར་ཨིནམ་ད་ དེ་ཡང་ སག་སྟེང་ལུ་ དྲོད་ཚད་དམའ་སུ་ཨིན་རུང་ ཆརཔ་དེ་བཟུམ་རྐྱབ་ནི་མེད་ཟེར་ཨིན་པས།
ཁོང་གི་ གྱོན་ཆས་ཆུ་པ་དེ་ ལྗིད་ཚད་ཀེ་ཇི་༦ དེ་ཅིག་ཨིན་མི་གུ་ ཆརཔ་རྐྱབ་མི་གིས་ ལྗིད་ཚད་ཀེ་ཇི་༣ དེ་ཅིག་ ཐེབས་སོང་ཡོདཔ་ལས་ ཕར་ཚུར་འགྱོཝ་ད་ ལཱ་ཁག་བཏངམ་མས་ཟེར་ཨིནམ་ད་ ཁོ་གིས་ སླབ་མིའི་ནང་ རྩེད་འགྲན་ནང་ལས་ རྒྱལ་ཁ་འཐོབ་ནིའི་དོན་ལུ་ རྐྱངམ་གཅིག་མེན་པར་ ཉམས་མྱོང་བརྗེ་སོར་འབད་ནི་དང་ མདའ་རྩེདཔ་གཞན་ཚུ་དང་ མཐུན་ལམ་བཟོ་ནིའི་དོན་ལུ་ བཅའ་མར་གཏོགསཔ་ཨིན་ཟེར་ཨིན་པས།
མདའ་རྩེད་ཚོགས་པའི་དྲུང་ཆེན་ ཨོ་རྒྱན་དབང་ཕྱུག་གིས་ སླབ་མིའི་ནང རྩེད་འགྲན་ལོག་སྟེ་ འགོ་འདྲེན་འཐབ་དགོ་མི་དེ་ རྫོང་ཁག་ནང་ རང་ལུགས་ཀྱི་རྩེད་རིགས་ གོང་འཕེལ་དང་ དར་ཁྱབ་ གཏང་ནིའི་དོན་ལུ་དང་ རྒེད་འོག་ནང་འཁོད་ མཉམ་འབྲེལ་བཟོ་ནིའི་དོན་ལུ་ འགོ་འདྲེན་འཐབ་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འཆར་དངུལ་མེད་མི་ལུ་བརྟེན་ རྩེད་འགྲན་དེ་ ལོ་བཅུ་ཕྲག་ལྷགཔ་ཅིག་ མཚམས་འཇོག་འབད་བཞག་ཅི་ཟེར་ཨིནམ་ད་ དུས་ཅི་ ལོ་འགོ་བཙུགསཔ་ཅི་ རྩེད་འགྲན་དེ་ ལོ་བསྟར་གྱི་ ལས་རིམ་ཅིག་སྦེ་ བཞག་ཅི་ཟེར་ ཨིནམ་ད་ རྒྱལ་ཁ་ཐོབ་མི་སྡེ་ཚན་ལུ་ རོ་ལིང་ཊོ་ཕི་ཟེར་ མདའ་རྩེད་ཀྱི་ རྒྱལ་རྟགས་བྱིན་ནི་ཨིན་པས།
དྲུང་ཆེན་གྱིས་ སང་ཕོད་ལས་ རྩེད་འགྲན་དེ་ནང་ མདའ་རྩེདཔ་ཚུ་ རང་ལུགས་ཀྱི་ མདའ་གཞུ་རྐྱངམ་གཅིག་ལག་ལེན་འཐབ་བཅུག་ནི་མ་གཏོགས་ དེང་སང་གི་ལམ་ལུགས་ཐོག་ སྒྱུར་བཅོས་ཚུ་ ག་ནི་ཡང་འབད་མི་ཆོག་ཟེར་ཨིན་པས།
ཁྲོམ་སྡེའི་སྡེ་ཚན་བརྩིས་ཏེ་ བཀྲིས་སྒང་རྫོང་ཁག་འོག་གི་ རྒེད་འོག་༡༥ གིས་ ཉིན་གྲངས་༡༥ འབད་མི་ རྩེད་འགྲན་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *