མདའ་རྩེད་དེ་ གནོད་ཉེན་ཅན་ཅིག་ལུ་ གྱུར་ཡོད་པའི་མངོན་གསལ།

༉ འབྲུག་ཁབ་ཀྱི་ རྒྱལ་ཡོངས་རྩེདམོ་འདི་ མདའ་རྩེད་ཨིནམ་ལས་ འབྲུག་གི་སྔར་སྲོལ་ལམ་ལུགས་ནང་ ཆ་ཤས་གཙོ་བོ་ཅིག་སྦེ་ བརྩི་མཐོང་བསྐྱེད་དེ་ཡོདཔ་བཞིན་དུ་ རྩེདམོ་དེ་གིས་ ང་བཅས་ཀྱི་ ཐུན་མོང་མ་ཡིན་པའི་ ངོ་རྟགས་ཅིག་ཡང་སྟོནམ་ཨིན།
འདི་འབདཝ་ལས་ དགའ་སྟོན་དང་ དུས་སྟོན་ གཞུང་འབྲེལ་རྟེན་འབྲེལ་ཚུ་ བརྩི་སྲུང་འབདཝ་ད་ དགའ་མཐུན་དང་ ཕྱོགས་མདའ་ དེ་ལས་ སྡེ་ཚན་ཁག་སོ་སོའི་བར་ན་ མདའ་རྩེད་འགྲན་བསྡུར་ཁག་མ་འདྲཝ་ འགོ་འདྲེན་འཐབ་སྲོལ་ཡོད་མི་དེ་གིས་ རྒྱལ་ཡོངས་ཀྱི་རྩེདམོ་ལུ་ འབྲུག་མི་ཕོ་སྐྱེས་ཚུ་ལས་ སྤྲོ་བ་དང་ དག་སྣང་ག་དེམ་ཅིག་ཡོདཔ་ཨིན་ན་ གསལ་སྟོན་འབདཝ་མས།
མ་གཞི་ ལོ་ངོ་བཅུ་ཕྲག་༤ དེ་ཅིག་གི་ཧེ་མར་ རྒེད་འོག་དང་ གཡུས་སྒོ་ཚུ་གིས་མ་དོ་བར་ ཐ་ན་ ཁྲོམ་སྡེ་དང་ རྒྱལ་ས་ལྟེ་བ་ལུ་སྡོད་མི་ ན་གཞོན་དང་ ན་ལོན་ཚུ་གིས་ རང་ལུགས་སྤག་ཤིང་གི་ མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་ནི་དེ་ དར་ཁྱབ་ཆེ་དྲགས་ཡོད་རུང་ རྒྱལ་ཁབ་དང་ མི་སེར་གཉིས་ཆ་ར་ ཡར་རྒྱས་ཀྱི་ མདུན་ལམ་ལུ་ཞུགས་ཏེ་ མདའ་རྩེདཔ་མང་ཤོས་ཅིག་གིས་ར་ཕྱི་རྒྱལ་གྱི་ མདའ་གཞུ་ལུ་ སྤྲོ་བ་བསྐྱེད་མི་ལུ་བརྟེན་ དང་ཕུའི་མདའ་གཞུ་ ལག་ལེན་འཐབ་མི་ རྒྱ་ཆེ་དྲགས་སྦེ་ར་ མར་ཉམས་སོང་སྟེ་ཡོདཔ་ཨིན།
ནང་འདྲེན་འབད་བའི་ ཕྱི་རྒྱལ་གྱི་ མདའ་གཞུ་ལུ་ སྤྲོ་བ་དང་ དག་སྣང་བསྐྱེད་མི་ མངམ་ཐོནམ་ཡོདཔ་བཞིན་དུ་ མདའ་རྩེད་འགྲན་བསྡུར་ཚུ་ཡང་ འགོ་འདྲེན་འཐབ་མི་ མང་སུ་ཐོནམ་ད་ མདའ་ལུ་བརྟེན་པའི་ རྐྱེན་ངན་ཚུ་ཡང་ ལོ་བསྟར་བཞིན་དུ་ ཡར་འཕར་འགྱོཝ་ཨིན་མས།
ད་རེས་ནངས་པར་ ང་བཅས་ཀྱིས་ ལུང་ཕྱོགས་དང་ རྫོང་ཁག་སོ་སོའི་ནང་ མདའ་རྩེད་སྐབས་ མི་ལུ་ མདའ་ཕོག་མི་ལུ་བརྟེན་ གནམ་གྲུ་ཧེ་ལི་ཀོབ་ཊར་གྱིས་སྦེ་ ཉེ་འདབས་ཀྱི་ སྨན་ཁང་ནང་བསྐྱལ་བའི་ ལོ་རྒྱུས་ཚུ་ འཕྲལ་འཕྲལ་ར་ གོཝ་མ་ཚད་ ཉམས་རྒུདཔ་ལ་ལོ་ཅིག་གི་ གཟུགས་ཁ་ལས་ མདའ་བཏོན་མ་ཚུགས་པར་ རྒྱ་གར་གྱི་ སྨན་ཁང་ནང་ བསྐྱལ་ཡོད་པའི་ གནད་དོན་ཚུ་ཡང་ཐོན་ཡོད།
བྱུང་རྐྱེན་ཚུ་ཡང་ མང་ཤོས་ར་ ཕྱི་རྒྱལ་གྱི་ མདའ་གཞུའི་འགྲན་བསྡུར་འབདཝ་ད་ མདའ་རྩེདཔ་གི་ ལག་པ་ལས་ མདའ་ཤོར་མི་ལུ་བརྟེན་ བྱུངམ་ཨིན་རུང་ རང་ལུགས་སྤག་ཤིང་གི་ མདའ་གཞུ་ལག་ལེན་འཐབ་པའི་སྐབས་ཡང་ མདའ་ཕོག་ནི་ཡོདཔ་ཨིན། དེ་འབདཝ་ད་ ཕྱི་རྒྱལ་གྱི་ མདའ་གཞུ་བཟུམ་སྦེ་ མིའི་ཚེ་སྲོག་ལུ་ གནོད་ཉེན་དེམ་ཅིག་མེདཔ་ཨིན་མས།
འདི་འབདཝ་ད་ སྤག་ཤིང་གི་ མདའ་གཞུ་དེ་ཡང་ ཉེན་ཁ་ཅན་ཅིག་ལུ་ གྱུར་ཡོདཔ་ད་ དཔེར་ན་ སྤྱི་ཟླ་༩ པའི་ཚེས་༢༣ ལུ་ ཁྲུས་བབས་ཀྱི་ ཉིནམ་བརྩི་སྲུང་དང་འབྲེལ་ བཀྲིས་སྒང་རྫོང་ཁག་ནང་ མེ་རག་དང་ ལྟོགས་ཤི་མང་གི་བར་ན་ ཕྱོགས་མདའ་རྐྱབ་ད་ སྐྱེས་ལོ་༢༣ ལང་མི་ ཕོ་སྐྱེས་དེ་གི་དཔྱལཝ་གུ་ མདའ་ཕོགཔ་ལས་ ད་ལྟོ་ རྒྱ་གར་གུ་ཧ་ཊི་སྨན་ཁང་ཅིག་ནང་ གནས་སྟངས་ལྟ་རྟོག་ཐོག་ལུ་ བཞག་ཡོདཔ་ཨིན་མས།
ད་རུང་ ཉིནམ་དེ་ནང་ ཡང་གཉེར་རྒེད་འོག་ནང་ཡང་ སྐྱེས་ལོ་༤༥ ལང་མི་ སོ་ནམ་ཞིང་པ་ཅིག་གི་དཔྱལཝ་གུ་ མདའ་ཕོག་ཡོད་རུང་ ཁོ་གིས་ དེ་འཕྲོ་ལས་ འབར་བཏང་ཚུགས་ཡོདཔ་ད་ དེ་གི་ནངས་པར་ མཁའ་གླིང་ལུ་ཡང་ སྐྱེས་ལོ་༥༠ ང་གྲངས་ནང་འབད་མི་ ཕོ་སྐྱེས་ཅིག་ལུ་ མདའ་ཕོག་ཡོདཔ་ཨིན་མས།
གོང་ལུ་གསལ་བཀོད་འབད་དོ་བཟུམ་ ད་ཚུན་གྱི་བར་ན་ མདའ་ལུ་བརྟེན་ མི་ལེ་ཤ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ ཉམས་རྒུདཔ་ལེ་ཤ་ར་ རྒྱལ་ཁབ་ཀྱི་ཕྱི་ཁར་ སྨན་བཅོས་འབད་བར་ བཏང་དགོཔ་བྱུངམ་ལས་ རྒྱལ་ཁམས་ལུ་ སྐུ་གྱོང་སྦོམ་ཕོག་ནུག།
ད་རེས་ཀྱི་ བྱུང་རྐྱེན་གྱིས་ སོ་ནམ་གྱི་ ལཱ་མཇུག་བསྡུ་རན་མི་དང་བསྟུན་ མདའ་རྩེད་ལུ་ ཤུགས་ལང་ནི་གི་ དུས་ཚོད་ཨིནམ་ལས་ ནང་འདྲེན་འབད་མི་ མདའ་གཞུ་དང་ ཡང་ཅིན་ རང་ལུགས་སྤག་ཤིང་གི་ མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་རུང་དྲག་ ཁྲོམ་སྡེ་དང་ རྫོང་ཁག་ རྒེད་འོག་ གྲོང་གཡུས་གནས་རིམ་ནང་ མདའ་རྩེད་ཚུ་ འགོ་འདྲེན་འཐབ་ད་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཉེན་སྲུང་གི་ ཐབས་ལམ་ཚུ་ ལག་ལེན་འཐབ་བཅུག་ནི་དེ་ ག་ནི་བ་ གལ་ཆེཝ་སྦེ་མཐོངམ་མས།
འབྲུག་ལུ་ རྒྱལ་ཡོངས་ཀྱི་རྩེདམོ་ མདའ་རྐྱངམ་གཅིག་མེན་པར་ རྡོས་སྒོར་དང་ ཁུ་རུ་ འབྱིད་དུམ་ སོག་སོམ་ཚུ་ཡང་ གནོད་ཉེན་ཆེ་དྲགས་ཡོདཔ་ལས་ འདི་བཟུམ་མའི་ རྩེད་འགྲན་ཚུ་ནང་ཡང་ ཉེན་སྲུང་ཡོདཔ་བཟོ་བ་ཅིན་ ཉམས་རྒུདཔ་ཚུ་ གནམ་གྲུའི་ཐོག་ལས་ སྨན་ཁང་ནང་ བསྐྱལ་དགོཔ་དང་ ཚབས་ཆེན་ཚུ་ ཕྱིའི་སྨན་ཁང་ནང་ གཏང་མ་དགོ་པའི་ ཕན་ཁྱད་ཡོད་ཟེར་ ཞུ་ནི་ཨིན།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *