མདའ་གིས་ཕོག་མི་ནདཔ་དེ་ གུ་ཧ་ཊི་སྨན་ཁང་ནང་གྱོངས་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༢༣ ལུ་ དཔྱལཝ་གུ་མདའ་ཕོག་མི་ མེ་རག་ལས་ སྐྱེས་ལོ་༢༣ ལང་མི་ ཀུན་བཟང་རྡོ་རྗེ་དེ་ ཁ་ཙ་དྲོ་པར་ཆུ་ཚོད་༧.༣༠ དེ་ཅིག་ཁར་ རྒྱ་གར་གུ་ཧ་ཊི་སྨན་ཁང་ནང་ གྱོངས་སོ་ནུག།
ཚེ་འདས་དེ་ གཡུས་ཕྱོགས་ཀྱི་ མདའ་རྩེད་འགྲན་བསྡུར་སྐབས་ མདའ་གིས་ཕོག་ཞིནམ་ལས་ཚུར་ དྲན་མེད་སྦེ་ར་ སྡོད་ཡོདཔ་ད་ སྤྱི་ཟླ་༩ པའི་ཚེས་༢༥ ལུ་ སྨན་ཁང་ནང་ གཤག་བཅོས་འབད་ཡོད་རུང་ དྲནམ་མ་ལྷོདཔ་ལས་ ལྟ་རྟོག་ཐོག་ལུ་ བཞག་ཡོདཔ་ཨིན་པས།
ཚེ་འདས་ཀྱི་ཕོ་རྒནམ་ རིན་ཆེན་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་གི་ནུ་གཅུང་དེ་ ཕྱིའི་སྨན་ཁང་ནང་བསྐྱལ་ནི་ ཕྱིས་ཡོདཔ་མ་ཚད་ སྨན་ཁང་ནང་ལྷོདཔ་ད་ ཌོག་ཊར་ཚུ་གིས་ ངོས་ལེན་གང་མགྱོགས་མ་འབད་མི་ལུ་བརྟེན་ ཤི་རྐྱེན་བྱུང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚེ་འདས་ཀྱི་དཔྱལཝ་གུ་ མདའ་ཕོགཔ་ཅིག་ར་ གནམ་གྲུ་ཧེ་ལི་ཀོབ་ཊར་གྱི་ ཞབས་ཏོག་ལེན་དགོ་པའི་ འཆར་སྣང་བྱུངམ་བཞིན་དུ་ རང་འབྱུང་ལས་ ཌོག་ཊར་གྱིས་ཡང་ ཧེ་ལི་ཀོབ་ཊར་དགོཔ་སྦེ་ བརྒྱུད་འཕྲིན་བཏང་ཡོད་རུང་ གནད་དོན་དག་པ་ཅིག་ལུ་བརྟེན་ གནམ་གྲུ་མ་ལྷོད་ཟེར་ རིན་ཆེན་རྡོ་རྗེ་གིས་ སླབ་ཨིན་པས།
འབྲུག་རྒྱལ་འཛིན་ཧེ་ལི་ཀོབ་ཊར་ཞབས་ཏོག་ཚད་འཛིན་ལས་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ལས་ གློ་བུར་གྱི་ ཞུ་བ་ལྷོད་མི་དང་འཁྲིལ་ སྤྱི་ཟླ་༩ པའི་ཚེས་༢༣ གྱི་ ཕྱི་རུ་ཁམས་ཅིག་ཁར་ ཧེ་ལི་ཀོབ་ཊར་ཅིག་ བཏང་ཡོད་རུང་ དེ་བསྒང་ གནམ་གཤིས་གནས་སྟངས་ལེགས་ཤོམ་མེདཔ་ལས་ ཐིམ་ཕུག་ར་ བརྒལ་མ་ཚུགས་པར་ རྡོ་སྐྱོང་ལ་ལས་ ལོག་འོང་དགོཔ་ བྱུང་ཡི་ཟེར་ཨིན་པས།
ད་རུང་ འགོ་དཔོན་ཚུ་གིས་འབད་བ་ཅིན་ གནམ་གྲུའི་ཞབས་ཏོག་དེ་ དགོས་མཁོ་ཡོད་པ་ཅིན་ དེ་གི་ནངས་པར་ ཧེ་ལི་ཀོབ་ཊར་གཏང་ནི་གི་ གྲ་སྒྲིག་སྡོད་ཡོད་རུང་ ནངས་པར་འབདཝ་ད་ ནདཔ་དེ་ ནད་འཁོར་ནང་སྦེ་ གུ་ཧ་ཊི་སྨན་ཁང་ནང་ བསྐྱལ་ཡོད་པའི་ ལོ་རྒྱུས་གོ་ཡི་ཟེར་ཨིན་པས།
རིན་ཆེན་རྡོ་རྗེ་གིས་ སླབ་མིའི་ནང་ ནད་འཁོར་ཐོག་ལས་ དུས་ཡུན་ཆུ་ཚོད་༡༠ དེ་ཅིག་ ལམ་འགྲུལ་འབད་དེ་ གུ་ཧ་ཊི་སྨན་ཁང་ནང་ལྷོད་པའི་ཤུལ་ལུ་ ཁོ་གི་ནུ་གཅུང་དེ་ ཉིནམ་༢ ཀྱི་རིང་ ལྟ་རྟོག་ཐོག་ལུ་ བཞག་ཅི་ཟེར་ཨིན་པས།
སྨན་ཁང་ནང་ ཁོང་གི་ཁ་སྐད་ ཧ་མ་གོ་ནི་དེ་གིས་ གནད་དོན་ག་ཅི་ལུ་བརྟེན་ ཡུན་འགྱངས་ལུས་ཡོདཔ་ཨིན་ན་ ང་བཅས་ཀྱིས་ ཤེས་མ་ཚུགས་ཟེར་ རིན་ཆེན་རྡོ་རྗེ་གིས་ བཤདཔ་མ་ཚད་ ཌོག་ཊར་ཚུ་གིས་ དེ་འཕྲོ་ལས་ གཤག་བཅོས་འབད་ཡོད་པ་ཅིན་ ཁོ་གི་ནུ་གཅུང་དེ་ མ་ཤིཝ་འོང་ཟེར་ སླབ་ཨིན་པས།
བསམ་གྲུབ་ལྗོངས་མཁར་སྨན་ཁང་གི་ འབྲེལ་འཛིན་འགོ་དཔོན་ རིག་འཛིན་གྱིས་ ཚེ་འདས་དེ་ བཀྲིས་སྒང་སྨན་ཁང་ལས་བཏངམ་ད་ གནས་སྟངས་ཚབས་ཆེན་སྦེ་འདུག་ཟེར་ བཤད་ཡོདཔ་ད་ སྡེ་ཚན་དེ་ བསམ་གྲུབ་ལྗོངས་མཁར་ལུ་ དྲོ་པའི་ཆུ་ཚོད་༡ ལུ་ ལྷོད་ཡོདཔ་བཞིན་དུ་ གུ་ཧ་ཊི་སྨན་ཁང་ནང་ དྲོ་པའི་ཆུ་ཚོད་༣.༣༠ ལུ་ ལྷོད་ཡོདཔ་ཨིན་པས།
ང་བཅས་སྨན་ཁང་ནང་ལྷོདཔ་ཅིག་ར་ ཌོག་ཊར་ཚུ་གིས་ ནདཔ་དེ་ལུ་ གློག་རིག་ཐོག་ལས་ སི་ཊི་ཨིསི་ཀེན་རྐྱབ་ལྟཝ་ད་ རྨ་སྐྱོན་སྦོ་བཏོན་ཡོདཔ་ལས་ ཀླདཔ་ལུ་ གནོད་སྐྱོན་བྱུང་ཡོད་པའི་ གྲུབ་འབྲས་ཐོན་ནུག་ཟེར་ རིག་འཛིན་གྱིས་ བཤདཔ་ཨིན་པས།
རིག་འཛིན་གྱིས་འབད་བ་ཅིན་ དེ་བསྒང་ ནདཔ་དེ་ གཤག་བཅོས་ཀྱི་དོན་ལུ་ དྲན་ཉམས་སྨན་བཅོས་འབད་ནི་གི་ གནས་སྟངས་ནང་ མེད་མི་ལུ་བརྟེན་ སྲིན་སྨན་བྱིན་ཏེ་ བཞག་དགོཔ་སྦེ་ ཌོག་ཊར་ཚུ་གིས་ སླབ་དེས་ཟེར་ཨིན་པས།
ཚེ་འདས་དེ་ ཉིནམ་༢ ཀྱི་རྒྱབ་ལས་རྐྱངམ་གཅིག་ དྲན་ཉམས་སྨན་བཅོས་འབད་ནི་གི་ གནས་སྟངས་ནང་ ལྷོད་མི་ལུ་བརྟེན་ སྤྱི་ཟླ་༩ པའི་ཚེས་༢༥ ལུ་ གཤག་བཅོས་འབད་ཡོདཔ་ཨིན་པས།
ཚེ་འདས་ཀྱི་ཕུངམ་དེ་ མེ་སྦྱང་གི་དོན་ལུ་ ཁ་ཙ་ བཀྲིས་སྒང་ལུ་ འབག་འོང་ཡོདཔ་ཨིན་པས།
རྐྱེན་ངན་དེ་ ཁྲུས་བབས་ཀྱི་ཉིནམ་ བརྩི་སྲུང་གི་དོན་ལུ་ མེ་རག་དང་ ལྟོགས་ཤིང་མང་གི་ སྡེ་ཚན་༢ ཀྱི་བར་ན་ མདའ་རྩེད་འགྲན་འབད་བའི་སྐབས་ བྱུང་ཡོད་མི་དེ་ཡང་ ཚེ་འདས་དེ་ ཁོ་རའི་ཆ་རོགས་གཞན་༢ དང་གཅིག་ཁར་ ཐག་རིང་ས་ལས་ མདའ་རྩེད་ཀྱི་ ལྟདམོ་བལྟ་སྡོདཔ་ད་ མདའ་རྩེདཔ་༡ གི་ ལག་པ་ལས་ མདའ་ཤོར་བའི་སྐབས་ ཚེ་འདས་ཀྱི་དཔྱལཝ་གུ་ ཕོག་ཡོད་པའི་གནས་ཚུལ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *