ད་རུང་ བློན་ཆེན་གྱིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཁོ་གི་སྡོད་ཁྱིམ་ནང་ ཉེན་སྲུང་དང་འབྲེལ་བའི་ བཟོ་སྐྲུན་འབད་མི་ལུ་ ཞིབ་དཔྱད་རྐྱབ་དགོ་པའི་ ཞུ་བ་འབད་ནུག།
༉ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ རྟ་བབ་ལུ་ ཁོ་རའི་སྡོད་ཁྱིམ་གྱི་ མཐའ་སྐོར་ལུ་ གྱང་རྩིག་དང་ ཉེན་སྲུང་གི་ཁྱིམ་ བཟོ་སྐྲུན་འབད་མི་ཚུ་ནང་ ངན་ལྷད་ཡོད་མེད་ཀྱི་ ཞིབ་དཔྱད་རྐྱབ་དགོཔ་སྦེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཞུ་བ་འབད་དེ་ཡོད་ཟེར་ གསུངསམ་ཨིན་པས།
དེ་ཡང་ ལྡོག་ཕྱོགས་ཚོགས་པ་གིས་ བློན་ཆེན་ལུ་ ཁ་ཉེས་བཀལ་མིའི་ ངོས་ལེན་ལུ་ཨིནམ་ད་ ལྡོག་ཕྱོགས་ཚོགས་པ་གིས་ སྤྱི་ཟླ་༣ པའི་ཚེས་༩ ལུ་ གནས་ཚུལ་གསར་བཏོན་འབད་མིའི་ནང་ གཞུང་གིས་ བློན་ཆེན་གྱི་ གཟིམ་ཅུང་གི་དོན་ལུ་ གཞུང་དངུལ་ས་ཡ་༣ དེ་ཅིག་ ཟད་འགྲོ་བཏང་ཡོདཔ་མ་ཚད་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ས་ཁོངས་དེ་ནང་ ལཱ་གཞན་ཡང་ འབད་ཡོད་པའི་སྐོར་ལས་ དོགས་སེལ་འབད་དགོཔ་སྦེ་ བཀོད་ནུག།
ཁོ་རའི་སྡོད་ཁྱིམ་གྱི་ མཐའ་སྐོར་ལུ་ གྱང་རྩིག་རྐྱབ་མི་དང་ འཐུང་ཆུའི་གཞི་རྟེན་མཐུན་རྐྱེན་ཚུ་ བཙུགས་མི་དེ་ ཉེན་སྲུང་གི་དོན་ལས་ ཁྲིམས་སྲུང་འགག་སྡེ་གིས་ ཨུ་ཚུགས་རྐྱབ་མི་ལུ་བརྟེན་ཨིན་ཟེར་ བློན་ཆེན་གྱིས་ གསུངས་པའི་ཁར་ གནད་དོན་དེ་གི་སྐོར་ལས་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ མཐོང་འཆར་རྐྱངམ་གཅིག་ བཀོད་མི་དེ་ཡང་ རྩིས་ཞིབ་སྙན་ཞུ་ངོ་མའི་ནང་མེན་པར་ ཟུར་ཐོག་ནང་ བཀོདཔ་ཅིག་ར་ཨིནམ་ལས་ ཏི་རུ་ལོག་བཙུགས་དགོཔ་དང་ དམངས་དངུལ་ལོག་སྤྱོད་འབད་འབདཝ་ ཡང་ཅིན་ ངན་ལྷད་འཐབ་ཡོདཔ་སྦེ་ ག་ནི་ཡང་ མ་བཀོད་པས་ཟེར་ གསུངས་ཡི།
ཨིན་རུང་ ང་གིས་ རྩིས་ཞིབ་དབང་འཛིན་ལུ་ དྲི་བཀོད་ག་ནི་ཡང་ མ་འབད་བར་ ང་རའི་ཁས་བླངས་ཐོག་ ཏི་རུ་ལོག་བཙུགས་ཡོདཔ་མ་ཚད་ གནད་དོན་དེ་གི་ཐད་ལུ་ དོགས་སེལ་འབད་ཚར་ཡི་ཟེར་ གསུངསམ་ཨིན་པས།
ད་རུང་ ལྡོག་ཕྱོགས་ཚོགས་པ་གིས་ རྩིགཔ་གི་ཕྱོགས་༤ ནང་ གློག་མེ་ཤུགས་ཡོད་མི་ མདངས་གློག་དང་ སི་སི་ཊི་བི་པར་ཆས་ བཙུགས་ནུག་ཟེར་ སླབ་མི་དེ་ མི་བདེན་ཟེར་ཨིནམ་ད་ དེ་ཡང་ བློན་ཆེན་གྱིས་འབད་བ་ཅིན་ མཐུན་རྐྱེན་གཉིས་ཆ་ར་ བཙུགས་བཙུགསཔ་མེདཔ་ལས་ ཁོང་གིས་ ག་ཅིའི་སྐོར་ སླབ་ཨིན་ན་ ཧ་གོ་མ་ཚུགས་ཟེར་ཨིན་པས།
ལྡོག་ཕྱོགས་ཀྱི་ གནས་ཚུལ་གསར་བཏོན་འབད་མི་དེ་ བློན་ཆེན་གྱིས་ དོགས་པ་ཆགས་དོ་བཟུམ་ར་ ཨིན་པའི་ མངོན་གསལ་བྱུང་མི་དེ་ཡང་ ཁོང་གིས་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་ལུ་ དམིགས་གཏད་འབད་མི་ལས་ ཁ་སྒྱུར་ཏེ་ ཁོ་རའི་སྡོད་ཁྱིམ་གྱི་ གྱང་རྩིག་རྐྱབ་མི་ལུ་ ཁ་ཉེས་བཀལ་ནིའི་ མཐར་འཁྱོལ་ཚུགས་ནུག་ཟེར་ཨིན་པས།
དེ་ལས་ ལྷོད་ལམ་སེལ་མིའི་ཐད་ལུ་ འཁོར་ལམ་དེ་གིས་ བློན་ཆེན་ཁོ་ར་རྐྱངམ་གཅིག་གི་དོན་ལུ་མེན་པར་ ཁྱིམ་ཚང་ག་ར་ལུ་ ཕན་ཐོགས་བྱུང་སྟེ་ཡོདཔ་བཞིན་དུ་ ཁྱིམ་ཚང་ཚུ་བཟུམ་སྦེ ཁོ་གིས་ཡང་ སྤྱི་དོན་ལུ་ སྒེར་ས་སྤྱོད་པའི་སྐབས་ ཁོ་རའི་ས་བརྒྱ་ཆ་༣༠ ལྷན་ཐབས་འབད་ཡི་ཟེར་ བློན་ཆེན་གྱིས་ གསུངས་ཡི།
བློན་ཆེན་གྱིས་འབད་བ་ཅིན་ སྒེར་ས་གཞུང་བཞེས་འབད་མིའི་ དམིགས་ཡུལ་དེ་ར་ ཁྲོམ་སྡེ་གིས་ འཆར་གཞི་བརྩམས་ཞིནམ་ལས་ གཞི་རྟེན་མཐུན་རྐྱེན་དང་ ཞབས་ཏོག་ དཔེར་ན་ འཁོར་ལམ་དང་ འཐུང་ཆུ་ གློག་མེ་ཚུ་ མཁོ་སྤྲོད་འབད་ཐབས་ལུ་ཨིན་རུང་ ང་བཅས་ཀྱིས་ ཁྲོམ་སྡེ་ལུ་ བཟོ་སྐྲུན་འབད་དགོ་པའི་སྐོར་ ག་ནི་ཡང་ སླབ་སླབ་མེད་ཟེར་ཨིན་པས།
ད་རེས་ བློན་ཆེན་གྱིས་ ཁོ་གི་སྐོར་ལས་ ཞིབ་དཔྱད་རྐྱབ་དགོཔ་སྦེ་ ལྷན་ཚོགས་ལུ་ ཞུ་བ་འབད་མི་དེ་ ཐེངས་༢ པ་ཨིནམ་ད་ ཐེངས་དང་པའི་ནང་ སྤྱི་ལོ་༢༠༡༤ ལུ་ རྒྱལ་ཁབ་ནང་ གློག་ཤུགས་སྣུམ་འཁོར་འགོ་བཙུགསཔ་ད་ ལྡོག་ཕྱོགས་ཀྱིས་ ཁ་ཉེས་བཀལ་དོ་བཟུམ་ ཁེ་ཕན་ལྟག་སྤྲོད་ཡོད་མེད་ བལྟ་དགོཔ་སྦེ་ ཞུ་ཡོདཔ་ཨིན་པས།
ལྡོག་ཕྱོགས་ཀྱིས་ཡང་ འདི་བཟུམ་སྦེ་ ཁོང་ར་ལུ་ ཞིབ་དཔྱད་རྐྱབ་དགོཔ་སྦེ་ སླབ་དགོ་ཟེར་ བློན་ཆེན་གྱིས་ གསུངས་ཡི།
དེ་སྦེ་ལྟཝ་ད་ གཅིག་གིས་གཅིག་ལུ་ ཁ་བཏང་དོ་བཟུམ་དང་ སྲིད་འབྲེལ་གྱི་ ཐབས་བྱུས་ལག་ལེན་འཐབ་དོ་བཟུམ་ མཐོང་སྲིད་ནི་ཨིན་རུང་ ཤུལ་མའི་གཞུང་ཚུ་གི་དོན་ལུ་ མིག་དཔེ་ལེགས་ཤོམ་བཟོ་ནི་གི་ ཐབས་ལམ་ཅིག་ཨིན་ཟེར་གསུངས་ཡི།
བློན་ཆེན་གྱིས་འབད་བ་ཅིན་ གཞུང་ལུ་ ལོ་ངོ་བཅུ་ཕྲག་ལེ་ཤ་ཅིག་གི་རིང་ ཕྱག་ཞུ་མི་ བློན་པོ་རྒན་ཤོས་ཚུ་གི་ ཉམས་མྱོང་དང་ ལྕོགས་གྲུབ་ཚུ་ལུ་ གུས་ཞབས་དང་ བརྩི་མཐོང་ཡོད་རུང་ ཁོང་རའི་ ཉམས་མྱོང་དང་ ལྕོགས་གྲུབ་ཚུ་ རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ལུ་ གཡོག་མ་བཀོལ་བར་ རང་དོན་ལུ་ གཡོག་བཀོལཝ་མེན་ན་ཟེར་ དོགས་སྣང་བྱུངམ་མས་ཟེར་ཨིན་པས།
དེ་གི་ནང་དོན་ཉིན་ལས་ ཧེ་མར་ཁྲིམས་འགལ་གྱི་ ལཱ་འབད་འབདཝ་ཡོད་མི་ཚུ་ བློན་པོ་རྒན་ཤོས་ཚུ་གིས་ བསུབ་ནིའི་དོན་ལུ་ ཁོང་རའི་ཉམས་མྱོང་དང་ ལྕོགས་གྲུབ་གཡོག་བཀོལ་ཡོདཔ་བཟུམ་ མཐོང་སྣང་བྱུངམ་མ་ཚད་ འདི་བཟུམ་མའི་ མཛད་ཐངས་ལུ་ལྟཝ་ད་ སེམས་ཕམ་བྱུངམ་མས་ཟེར་ བློན་ཆེན་གྱིས་ གསུངས་ཡོད་པའི་གནས་ཚུལ།
རིག་འཛིན་དབང་ཕྱུག།