༉ ད་རེས་ནངས་པར་ སེམས་རྟོགས་ཁ་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མིའི་ གོམས་འདྲིས་ལས་རིམ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་དེ་ནང་ བཅའ་མར་གཏོགས་མི་ཅིག་གིས་ མཐོ་རིམ་ཤེས་ཚད་མཇུག་བསྡུ་མི་ ག་ར་ལུ་ གོ་སྐབས་འདྲ་མཉམ་འཐོབ་ནིའི་དོན་ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ སྔོན་འགྲོའི་ཆོས་རྒྱུགས་ རྐྱབ་མ་དགོཔ་སྦེ་ བཟོ་དགོ་པའི་ ཞུ་བ་ཕུལ་ཡི།
ཁོ་གིས་འབད་བ་ཅིན་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ སྔོན་འགྲོའི་ཆོས་རྒྱུགས་མེད་རུང་ འབྲུག་གི་ཞི་གཡོག་ཆོས་རྒྱུགས་ནང་ལས་ ཞི་གཡོགཔ་ཚུ་ མང་པའི་སྦུག་ལས་ དྲག་ཤོས་ཚུ་ སེལ་ནི་གི་ འོས་འབབ་སྦོམ་འདུག་ཟེར་ཨིན་པས།
དེ་གི་ལན་ལུ་ ཞི་གཡོག་ལྷན་ཚོགས་ཀྱི་ ཆོས་རྒྱུགས་སྡེ་ཚན་ལས་ མི་སྟོབས་འགོ་དཔོན་གོངམ་ འཇིགས་མེད་ནོར་བུ་གིས་ ད་རེས་ནངས་པར་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ སྔོན་འགྲོ་ཆོས་རྒྱུགས་རྐྱབ་ནི་གི་ གོ་སྐབས་ཐོབ་མི་དེ་ཡང་ འདྲ་མཉམ་ར་ཨིན་ཟེར་ བཤད་ཅི།
ལྷན་ཚོགས་ཀྱིས་ སྔོན་འགྲོའི་ཆོས་རྒྱུགས་རྐྱབ་དགོཔ་ བཟོ་མི་དེ་ གཙོ་བོ་ར་ མཐོ་རིམ་སློབ་གྲྭ་ཆ་མཉམ་གྱི་དོན་ལུ་ གནས་ཚད་གཅིག་མཚུངས་ བཟོ་ནི་དང་ བཙག་འཐུའི་ཆོས་རྒྱུགས་ནང་ལས་ མཐོ་རིམ་ཤེས་ཚད་ལྡན་མི་ ག་ར་གིས་ སྐུགས་བརྒྱ་ཆ་༧༠-༨༠ ཐོབ་ཚུགས་པའི་ རེ་བ་ལུ་དམིགས་ཏེ་མེདཔ་ཨིནམ་ད་ སྔོན་འགྲོའི་ཆོས་རྒྱུགས་ནང་ལས་ སྐུགས་བརྒྱ་ཆ་༥༠ དེ་ ག་ར་གིས་ ཐོབ་ཚུགས་ཟེར་བཤད་ཅི།
འཇིགས་མེད་ནོར་བུ་གིས་ སྔོན་འགྲོའི་ཆོས་རྒྱུགས་ཀྱི་ གྲུབ་འབྲས་ཚུ་ འཕྲུལ་ཆས་ཐོག་ལས་ བརྟག་ཞིབ་འབདཝ་མ་ཚད་ གྲུབ་འབྲས་ཚུ་ཡང་ མགྱོགས་དྲགས་སྦེ་ གསལ་སྟོན་འབད་ཚུགས་པས་ཟེར་ཨིན་པས།
གལ་སྲིད་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ ག་ར་ལུ་ ཞི་གཡོག་ལྷན་ཚོགས་ཀྱིས་ ཐད་ཀར་དུ་ ཆོས་རྒྱུགས་རྐྱབ་ནིའི་ གོ་སྐབས་ བྱིན་པ་ཅིན་ ཆོས་རྒྱུགས་ཀྱི་ གྲུབ་འབྲས་གསལ་སྟོན་འབད་ནི་ལུ་ གདོང་ལེན་སྦོམ་སྦེ་ར་ འབྱུང་ནི་དང་ དུས་ཡུན་ཡང་ ལེ་ཤ་ འགོར་འོང་ཟེར་ཨིནམ་ད་ སྔོན་འགྲོའི་ཆོས་རྒྱུགས་ རྐྱབ་དགོ་མིའི་ གནད་དོན་གཞན་དེ་ ཞི་གཡོག་ཆོས་རྒྱུགས་ཀྱི་དོན་ལུ་ ཕྱི་སེལ་འབད་ཐབས་ལུ་ཨིན་ཟེར་ ཁོ་གིས་ བཤད་ཅི།
མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་གིས་ སྔོན་འགྲོའི་ཆོས་རྒྱུགས་ རྐྱབ་ནིའི་དོན་ལུ་ དུས་ཡུན་ཆུ་ཚོད་༢.༣༠ ལས་བརྒལ་མེདཔ་ལས་ དུས་ཚོད་དུམ་གྲ་ཅིག་ ཐུང་དྲགས་པས་ཟེར་ཨིན་པས།
ཞི་གཡོག་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཆོས་རྒྱུགས་ནང་ རྩིས་བཏོན་གྱི་ དྲི་བ་དོན་ཚན་ཁག་༢ འབད་མིའི་ནང་ དུས་ཡུན་དུམ་གྲ་ཅིག་ འགོར་ནི་མ་གཏོགས་ དྲི་བ་གཞན་ཚུ་ནང་ ལན་རྐྱབ་པའི་སྐབས་ དུས་ཡུན་སྐརམ་༡༥ དེ་ཅིག་ལས་བརྒལ་ མི་འགོར་ནི་ཨིནམ་ལས་ དུས་ཚོད་དེ་ ལངམ་སྦེ་ར་ཡོད་ཟེར་ཨིན་པས།
སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་ལས་ མཐར་འཁྱོལ་མི་ཅིག་གིས་ ཧེ་མ་འབད་བ་ཅིན་ བུཊ་ནིསི་ ཧི་མ་ལ་ཡཱན་སློབ་སྦྱོང་མཐར་འཁྱོལ་མི་ཚུ་ སློབ་དཔོན་སྦྱོང་བརྡར་གྱི་དོན་ལུ་ གདམ་འཐུ་འབད་ནི་མེདཔ་ལས་ ད་ལས་ཕར་ ལམ་ལུགས་དང་ བསྒྱུར་བཅོས་ཚུ་ ག་དེ་སྦེ་ར་ འབད་དེ་ཡོད་ག་ཟེར་ ལྷན་ཚོགས་ལུ་ དྲི་བ་ཞུ་ཡི།
ཁོ་གིས་འབད་བ་ཅིན་ བུཊ་ནིསི་ ཧི་མ་ལ་ཡཱན་ སློབ་སྦྱོང་དེ་ གནད་དོན་གཅིག་ལུ་མེན་པར་ སྤྱིར་བཏང་སྦེ་ སློབ་སྦྱོང་འབད་ནུག་ཟེར་ཨིནམ་ད་ ད་རེས་ནངས་པར་ སློབ་སྦྱོང་དེ་ལུ་ གཙུག་ལག་ཨོ་ནརསི་ (གཞི་མཆོག) གི་ སློབ་སྦྱོང་ཅིག་ཡང་ འགོ་བཙུགས་ཏེ་ཡོདཔ་ལས་ དེ་ལུ་ཡང་ གོ་སྐབས་ཚུ་ ག་དེ་སྦེ་ ཡོད་ག་ཟེར་ཨིན་པས།
འཇིགས་མེད་ནོར་བུ་གིས་ བཤད་མིའི་ནང་ སྟག་རྩེ་མཐོ་རིམ་སློབ་གྲྭ་ལས་ བུཊི་ནིསི་ ཧི་མ་ལ་ཡཱན་སློབ་སྦྱོང་འབད་མི་ ཤོ་ཐེངས་དང་པ་ མཐར་འཁྱོལ་བའི་ཤུལ་ལས་ ལྷན་ཚོགས་ཀྱིས་ འཕྲུལ་རིག་ཚོགས་ཆུང་ཅིག་ གཞི་བཙུགས་འབད་ཐོག་ལས་ དབྱེ་ཞིབ་འབད་བའི་སྐབས་ འབྲུག་གི་རྒྱལ་རབས་ཚུ་ ཡོངས་རྫོགས་དང་ གཏིང་ཟབ་སྦེ་ སློབ་སྦྱོང་མ་འབད་བའི་ མངོན་གསལ་བྱུང་མི་ལུ་བརྟེན་ སློབ་དཔོན་སློབ་སྦྱོང་འབད་ནི་ལུ་ གོ་སྐབས་བྱིན་མ་ཚུགས་ཟེར་ཨིན་པས།
དེ་བཟུམ་སྦེ་ བརྡ་བརྒྱུད་མཐོ་རིམ་སློབ་གྲྭ་མཐར་འཁྱོལ་མི་ཚུ་ལུ་ཡང་ སློབ་དཔོན་གྱི་ སློབ་སྦྱོང་འབད་ནིའི་ གོ་སྐབས་མ་ཐོབ་པའི་སྐོར་ལས་ཡང་ ལྷན་ཚོགས་ལུ་ དྲི་བ་འབད་ཡི།
ཁོ་གིས་ ཞི་གཡོག་ལྷན་ཚོགས་ཀྱི་ ཆོས་རྒྱུགས་ཕུལ་ཏེ་ གནས་རིམ་ཨང་༡༡༦ པའི་ནང་ ཚུད་ཡོདཔ་ད་ སློབ་དཔོན་སློབ་སྦྱོང་གི་ ས་སྟོང་༡༥༠ ཡོད་རུང་ ཁོ་ར་ བརྡ་བརྒྱུད་ཀྱི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ནུག་ཟེར་ སྦྱོང་བརྡར་ནང་ གོ་སྐབས་མ་ཐོབ་ཟེར་ ལས་སྐྱིད་ཆོས་གྲགས་ཀྱིས་ ཞུ་ཡི།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ལཱ་གཡོག་གི་གོ་སྐབས་ རང་གིས་ར་ བཟོ་དགོ་པའི་ཁར་ ལཱ་གཡོག་གི་ལམ་དེ་ རང་གིས་ འཚོལ་དགོ་ཟེར་ སྤྱི་ཟླ་༨ པའི་ཚེས་༡༤ ལུ་ མཐོ་རིམ་ཤེས་མཐར་འཁྱོལ་མི་༢,༢༦༣ དང་གཅིག་ཁར་ མཇལ་ཕྲད་གནང་པའི་སྐབས་གསུངས་ཡི།
བློན་ཆེན་གྱིས་ གསུངས་མིའི་ནང་ ད་རེས་ རྒྱལ་ཁབ་ནང་ གོ་སྐབས་ལེ་ཤ་ཡོདཔ་ལས་ དེ་ཚུ་ ན་གཞོན་ཚུ་གིས་ ལེན་ཐོག་ལས་ ལཱ་རྩ་འགེངས་འབད་དགོཔ་དེ་ ཁག་ཆེ་ཟེར་གསུངས་ཡི།
གོམས་འདྲིས་ལས་རིམ་དེ་ སྤྱི་ཟླ་༨ པའི་ཚེས་༡༩ ལུ་ མཇུག་བསྡུ་ནི་ཨིནམ་ད་ སྤྱི་ཟླ་༨ པའི་ཚེས་༡༣ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ན་གཞོན་ཚུ་དང་གཅིག་ཁར་ མཇལ་ཕྲད་མཛད་གནང་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།