༉ དུས་ཅིའི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ ཞི་གཡོག་འགོ་དཔོན་ནང་ བཙག་འཐུའི་དོན་ལུ་ ཞི་གཡོག་ཆོས་རྒྱུགས་དེ་ ད་རིས་ལས་འགོ་བཙུགས་ སྤྱི་ཚེས་༧ ཚུན་ འགོ་འདྲེན་འཐབ་ནི་ཨིན་པས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ སྤྱིར་བཏང་དབྱེ་ཁག་ནང་ལས་ མཐོ་རིམ་སློབ་ཕྲུག་༧༧༨ དང་ རྫོང་ཁ་ནང་༡༣༧ དེ་ལས་ ཤེས་རིག་མཐོ་རིམ་ནང་༤༥༨ དང་ འཕྲུལ་རིག་དང་ བཟོ་རིག་དང་ བརྡ་དོན་འཕྲུལ་རིག་ནང་༣༧༧ དེ་ལས་ འཕྲུལ་རིག་གི་ དབྱེ་ཁག་ལས་ སྐྱེ་དངོས་ཚན་རིག་དང་ གསོ་བའི་ཚན་རིག་ ནང་པའི་སྨན་གྱི་དྲུང་འཚོ་དང་ ཁྲིམས་དོན་དབྱེ་ཁག་ནང་༢༧༦ འབདཝ་ད་ མཐོ་རིམ་སློབ་ཕྲུག་བསྡོམས་༢༠༢༦ གིས་ ཞི་གཡོག་ཆོས་རྒྱུགས་རྐྱབ་ནིའི་དོན་ལུ་ ཐོ་བཀོད་འབད་ནུག།
ཞི་གཡོག་འགོ་དཔོན་གྱི་བཙག་འཐུའི་ཆོས་རྒྱུགས།
གཞི་བསྒྱུར་དང་ འགྱུར་བ་ཚུ་གི་གྲལ་ལས་ ཞི་གཡོག་འགོ་དཔོན་བཙག་འཐུའི་ ཆོས་རྒྱུགས་ཀྱི་ལམ་ལུགས་དེ་ སྤྱི་ལོ་༡༩༨༧ ཟླ་༨ པའི་ཚེས་༡༠-༡༥ ལུ་ འགོ་འདྲེན་འཐབ་ཐོག་ལས་ འགོ་བཙུགས་མི་དེ་ཡང་ ཞིབ་འཇུག་དང་འཁྲིལཝ་ད་ འབྲུག་ལུ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མིའི་དོན་ལུ་ གོམས་འདྲིས་སློབ་སྦྱོང་འགོ་དང་པ་ ཕྱི་རྒྱལ་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་འོང་མི་ སློབ་ཕྲུག་ཚུ་གི་དོན་ལས་ སྤྱི་ལོ་༡༩༨༥ ལུ་ འགོ་འདྲེན་འཐབ་ནུག།
དེ་བསྒང་ འབྲུག་ལུ་ མཐོ་རིམ་སློབ་གྲྭ་ཕུད་རྡོག་གཅིག་ཨིན་མི་ བཀང་ལུང་མཐོ་སློབ་ནང་ལས་ སློབ་ཕྲུག་༣༠ གིས་ སྤྱི་ལོ་༡༩༨༦ ཟླ་༡༡ པའི་ཚེས་༡༨ ལུ་ མཐར་འཁྱོལ་ཏེ་ ཐད་ཀར་དུ་ ལཱ་གཡོག་ནང་ བཙུགསཔ་མ་གཏོགས་ ཞི་གཡོག་ཆོས་རྒྱུགས་ཟེར་ ལོགས་སུ་སྦེ་ རྐྱབ་མ་དགོ་པས།
སྤྱི་ལོ་༡༩༨༧ ཟླ་༨ པའི་ཚེས་༡༠-༡༥ གི་བར་ན་ འབྲུག་མི་སློབ་ཕྲུག་༧༠ གི་དོན་ལས་ ཞི་གཡོག་བཙག་འཐུའི་ཆོས་རྒྱུགས་ འགོ་དང་པ་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ དུས་ཅིའི་ ཞི་གཡོག་ཆོས་རྒྱུགས་དེ་ ཐེངས་༣༢ པ་ཨིན་པས།
སྔོན་འགྲོའི་ཆོས་རྒྱུགས།
སྤྱི་ལོ་༢༠༡༠ ཟླ་༩ པའི་ཚེས་༢༦ ལུ་ ཞི་གཡོག་འགོ་དཔོན་བཙག་འཐུའི་དོན་ལུ་ སྔོན་འགྲོའི་ཆོས་རྒྱུགས་ལམ་ལུགས་ འགོ་བཙུགས་མིའི་ནང་ རྒྱལ་ཁབ་ཕྱི་ནང་གཉིས་ལས་ མཐོ་རིམ་མཐར་འཁྱོལ་མི་ སློབ་ཕྲུག་བསྡོམས་༡,༣༢༦ གིས་ བཅའ་མར་གཏོགས་ནུག།
ཨིན་རུང་ སྤྱི་ཚོགས་གཉིས་པའི་གཞུང་སྐྱོང་མི་ མི་སེར་དམངས་གཙོ་ཚོགས་པ་གིས་ ཉིན་གྲངས་༡༠༠ ནང་ འགྲུབ་ཚུགསཔ་འབད་ནིའི་ ཁས་བླང་གསལ་བསྒྲགས་ཀྱི་གྲངས་སུ་༡ མཐོ་རིམ་མཐར་འཁྱོལ་མིའི་དོན་ལུ་ ཞི་གཡོག་གི་ སྔོན་འགྲོ་ཆོས་རྒྱུགས་དེ་ མེདཔ་བཟོ་ནིའི་ཁས་བླངས་འབདཝ་བཞིན་དུ་ སྤྱི་ལོ་༢༠༡༣ ཟླ་༩ པའི་ནང་ ལས་གཡོག་བློན་པོ་བགྲེསཔ་ ཉི་མ་སངས་རྒྱས་ཆེན་པོ་གིས་ སྤྱི་ལོ་༢༠༡༤ ལས་ སྔོན་འགྲོའི་ཆོས་རྒྱུགས་མེདཔ་བཟོ་ནི་སྦེ་ གསལ་བསྒྲགས་འབད་ནུག།
དེ་འབདཝ་ད་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དེ་ རྩ་ཁྲིམས་ཅན་གྱི་ གཙུག་སྡེ་ཅིག་འབདཝ་ལས་ བསྒྱུར་བཅོས་འབད་མ་ཚུགས་རུང་ སྤྱི་ལོ་༢༠༡༤ གི་ལོ་ལས་ དྲུང་འཚོ་ཨེམ་བི་བི་ཨེསི་རྐྱབ་མི་དང་ སོ་བཅོས་དྲུང་འཚོའི་ སློབ་སྦྱོང་མཐར་འཁྱོལ་མི་ཚུ་ སྔོན་འགྲོའི་ཆོས་རྒྱུགས་ རྐྱབ་མ་དགོཔ་བཟོ་ནུག།
ཞི་གཡོག་འགོ་དཔོན་གྱི་དོན་ལུ་ བཙག་འཐུའི་ཆོས་རྒྱུགས་རྐྱབ་དགོ་མིའི་ དམིགས་དོན་གཙོ་བོ་ར་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་གི་རྒྱུད་ལུ་ ལྕོགས་གྲུབ་དང་ ཤེས་ཡོན་ དེ་ལས་ རིག་རྩལ་ཚུ་ བརྟག་ཞིབ་འབད་ཐབས་ལུ་ཨིན་པས།
ཞི་གཡོག་ལྷན་ཚོགས་ཀྱི་ ཐག་རིང་ལམ་འགྲོས་ཀྱི་ལོ་རྒྱུས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དེ་ སྤྱི་ལོ་༡༩༧༣ ལུ་ གོང་འཕེལ་ལྷན་ཁག་གི་འོག་ལུ་ མི་སྟོབས་ལས་ཁུངས་སྦེ་ འགོ་བཙུགས་ཡོདཔ་ད་ རིམ་པ་བཞིན་ ཞི་གཡོག་བདག་སྐྱོང་གི་ལཱ་འགན་ཚུ་ ཡར་དྲག་གྱུར་མི་དང་བསྟུན་ སྤྱི་ལོ་༡༩༨༢ ཟླ་༦ པའི་ཚེས་༢ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ བཀའ་རྒྱ་དང་འཁྲིལ་ ལྷན་ཚོགས་སྦེ་ གཞི་བཙུགས་གནང་ནུག།
ལྷན་ཚོགས་ཀྱི་ དམིགས་ཡུལ་གཙོ་བོ་ ཞི་གཡོག་ལས་དོན་ནང་ ཕན་ནུས་ཅན་དང་ དོན་སྨིན་ཅན་བཟོ་ནི་ དེ་ལས་ རྒྱལ་ཁབ་ཀྱི་ ས་གནས་མཐའ་དབུས་མེད་པའི་ ཞི་གཡོགཔ་ནང་འཁོད་ལུ་ ཐ་དམ་ཚིག་དང་ དྲང་སྤྱོད་ཚུ་ གཅིག་མཚུངས་ཡོདཔ་ ངེས་བརྟན་བཟོ་ནིའི་དོན་ལུ་ཨིན་པས།
སྤྱི་ལོ་༡༩༨༩ ལས་ སྡེ་རིམ་དང་པ་ལས་༡༧ ཚུན་ཡོད་པའི་ ཞི་གཡོག་གི་ སྡེ་ཚན་ལམ་ལུགས་ སྲོལ་གཏོད་འབད་བ་གིས་མ་ཚད་ སྤྱི་ལོ་༡༩༩༠ ལུ་ འབྲུག་གི་ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་ འགོ་དང་པ་གསར་བཏོན་འབད་དེ་ ཞི་གཡོག་ལས་དོན་ནང་ བསྒྱུར་བཅོས་མང་རབས་ཅིག་འབད་ནུག།
སྤྱི་ལོ་༡༩༩༩ ལུ་ ལེགས་ལྡན་གཞུང་སྐྱོང་ ཡར་དྲག་དང་ གཞུང་སྐྱོང་རིམ་ལུགས་ བསྐྱར་སྒྲིག་གི་དོན་ལུ་ གཞི་བསྒྱུར་གྱི་ཐབས་ལམ་ རྒྱ་ཆེཝ་སྦེ་ བཏོན་གནང་མི་དེ་ཡང་ གཞུང་སྐྱོང་ནང་ དོན་སྨིན་ཅན་དང་ དྭངས་གསལ་ཅན་ དེ་ལས་ འགན་འཁྲི་ཅན་ཟེར་བའི་ བརྗོད་དོན་ཐོག་ འགོ་འདྲེན་འཐབ་ནུག།
སྤྱི་ལོ་༢༠༠༢ ཟླ་༡༡ པའི་ཚེས་༡༡ ལུ་ འབྲུག་གི་ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་ ཐོན་རིམ་༢ པ་དེ་ གསར་བཏོན་འབད་ཡོདཔ་ད་ སྤྱི་ལོ་༢༠༠༦ ཟླ་དང་པ་ལས་ ཞི་གཡོག་སྡེ་རིམ་ལམ་ལུགས་དེ་ མེདཔ་བཟོ་ཞིནམ་ལས་ ཞི་གཡོག་གོ་གནས་ལམ་ལུགས་ འགོ་བཙུགས་ཡོད་པའི་གནས་ཚུལ།
ཀརྨ་བསྟན་འཛིན།