མཐོ་རིམ་སློབ་གྲྭ་ཡང་སེང་འབད་ཐབས་མེད་རུང་ ཤོང་ཚད་མངམ་བཟོ་དགོཔ།

༉ རྒྱལ་ཁབ་ཕྱི་ནང་གཉིས་ཆ་རའི་ གཙུག་ལག་སློབ་སྡེ་ཚུ་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ ན་གཞོན་ཕོ་མོ་སྟོང་ཕྲག་ལས་བཅད་དེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཆོས་རྒྱུགས་ནང་ བཅའ་མར་གཏོགས་མི་ལས་ མང་ཤོས་ར་ ནང་འཁོད་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་ གདམ་འཐུ་གྲུབ་མི་དེ་ གནས་ཚུལ་བཟང་པོ་ཅིག་ཨིན་མས།
དེ་ཡང་ ཕྱི་ཁའི་མཐོ་རིམ་སློབ་གྲྭ་ཚུ་དང་ཕྱདཔ་ད་ ནང་འཁོད་མཐོ་རིམ་སློབ་གྲྭ་ཚུ་ནང་ ཤེས་ཡོན་གྱི་ སྤུས་ཚད་ལེགས་ཤོམ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་མས།
ད་ཚུན་གྱི་བར་ན་ ཞི་གཡོག་གདམ་འཐུའི་ ཆོས་རྒྱུགས་ནང་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭ་ལས་ མཐར་འཁྱོལ་མི་ མང་ཤོས་ཅིག་ གདམ་འཐུ་གྲུབ་ཡོདཔ་སྦེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་༢༠༡༦-༡༧ ཅན་མའི་ནང་ བཀོད་དེ་འདུག།
དེ་གི་ནང་དོན་ཉིད་ལས་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་གིས་ འདས་པའི་ལོ་ངོ་༣ གྱི་རིང་ ཞི་གཡོག་ཆོས་རྒྱུགས་ནང་ལས་ དྲག་ཤོས་ཐོན་ཏེ་ཡོད་མི་དེ་ཡང་ སྤྱི་ལོ་༢༠༡༦ ལུ་ སློབ་ཕྲུག་༩༨ དང་ སྤྱི་ལོ་༢༠༡༥ ལུ་༨༡ དེ་ལས་ སྤྱི་ལོ་༢༠༡༤ ལུ་ སློབ་ཕྲུག་༨༦ གིས་ སྤྱིར་བཏང་ཆོས་རྒྱུགས་དབྱེ་ཁག་ནང་ལས་ གདམ་འཐུ་གྲུབ་ནུག།
འདི་འབདཝ་ད་ ང་བཅས་ཀྱི་ མཐོ་རིམ་སློབ་ཕྲུག་ཚུ་ ཕྱིའི་རྒྱལ་ཁབ་ཚུ་གི་ནང་ལས་ཡང་ དམིགས་བསལ་དུ་ རྒྱ་གར་ལུ་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་མི་ཚུ་གིས་ ཞི་གཡོག་ཆོས་རྒྱུགས་ནང་ བཅའ་མར་གཏོགས་རུང་ རེ་གཉིས་མ་གཏོགས་ གདམ་འཐུ་མ་གྲུབ་པའི་ མངོན་གསལ་བྱུང་ནུག།
དཔེར་ན་ ད་རེས་ནངས་པར་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་གྱི་ ལག་ཁྱེར་དང་འབྲེལ་བའི་ རྩོད་རྙོགས་ཐོན་མི་ རྒྱ་གར་སི་ཀེམ་མ་ནི་པཱལ་གཙུག་ལག་སློབ་སྡེ་ལས་ སྤྱི་ལོ་༢༠༡༤-༢༠༡༦ གི་བར་ན་ སློབ་ཕྲུག་༢༤༢ ཀྱིས་ སྔོན་འགྲོའི་ཆོས་རྒྱུགས་རྐྱབ་ད་ སློབ་ཕྲུག་ཕུད་རྡོག་གཅིག་གིས་རྐྱངམ་གཅིག་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་ནང་ དངུལ་རྩིས་འཛིན་སྐྱོང་གི་ ཌིབ་ལོ་མའི་ སྦྱོང་བརྡར་འབད་ནི་ལུ་ གདམ་འཐུ་གྲུབ་མི་ལུ་ བལྟ་བ་ཅིན་ ཕྱིའི་གཙུག་ལག་སློབ་སྡེ་ཚུ་གི་ མཐོ་རིམ་ཤེས་ཡོན་གྱི་ སྤུས་ཚད་དེ་ ག་དེ་སྦེ་ཡོདཔ་ཨིན་ན་ གསལ་སྟོན་འབདཝ་མས།
ད་རེས་ གཙུག་ལག་སློབ་སྡེ་ཁག་ཚུ་ལས་ མཐར་འཁྱོལ་མི་ཚུ་གིས་ ཞི་གཡོག་ཆོས་རྒྱུགས་ཀྱི་ ལས་འབྲེལ་སྙན་ཞུ་ བཟོ་མི་དེ་ཡང་ མཐོ་རིམ་ཤེས་ཚད་ ལྷབ་འདོད་ཡོད་མི་ཚུ་གིས་ མཐོ་རིམ་སློབ་གྲྭ་ལེགས་ཤོམ་ གདམ་ཁ་རྐྱབ་ཐབས་ལུ་ དམིགས་ཏེ་ཨིན་མས།
མ་གཞི་ ལྷན་ཚོགས་ཀྱིས་ ཆོས་རྒྱུགས་ནང་ལས་ གདམ་འཐུ་གྲུབ་མི་ མང་ཤོས་ར་ ཤེས་རབ་རྩེ་དང་ དགེ་འདུ་མཐོ་རིམ་སློབ་གྲྭ་༢ མ་གཏོགས་ རྒྱལ་འཛིན་གཙུག་ལག་སློབ་སྡེའི་འོག་ལུ་ཡོད་མི་ མཐོ་རིམ་སློབ་གྲྭ་གཞན་༨ ནང་ལས་ མཐར་འཁྱོལ་མི་ཚུ་གི་སྐོར་ལས་ གསལ་བཀོད་མ་འབད་རུང་ སྙན་ཞུ་དེ་ལུ་བརྟེན་ ནང་འཁོད་མཐོ་རིམ་སློབ་གྲྭ་ཚུ་ནང་ སློབ་ཕྲུག་འཛུལ་ཞུགས་ཀྱི་ གྱངས་ཁ་ཡར་སེང་འབད་ནི་ལུ་ ལྷན་ཐབས་འབྱུང་ནི་ཨིན་མས།
སྙན་ཞུ་དེ་ཡང་ འཕྲལ་ཁམས་ཅིག་ཁར་ སི་ཀིམ་གཙུག་ལག་སློབ་སྡེའི་འོག་གི་ མཐོ་རིམ་སློབ་གྲྭ་ཚུ་ལས་ མཐོ་རིམ་ཤེས་ཚད་སྦྱང་མི་ སློབ་ཕྲུག་ཚུ་གི་ ལག་ཁྱེར་ཚུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་དང་ ཞི་གཡོག་ལྷན་ཚོགས་ཀྱིས་ ངོས་ལེན་འབད་མ་བཏུབ་པའི་ ནམ་དུས་ལུ་ གསར་བཏོན་འབདཝ་ལས་ སློབ་ཕྲུག་དང་ ཕམ་ཚུ་གི་དོན་ལུ་ དྲན་གསལ་ལེགས་ཤོམ་ཅིག་ཨིན་མས།
ད་ཚུན་གྱི་བར་ན་ གཞུང་གི་མཐོ་རིམ་སློབ་གྲྭ་ཚུ་ནང་ འཛུལ་ཞུགས་འབད་ནི་གི་ གོ་སྐབས་མ་ཐོབ་མི་ སློབ་ཕྲུག་སྟོང་ཕྲག་ལས་བཅད་དེ་ ཕྱི་རྒྱལ་གྱི་ མཐོ་རིམ་སློབ་གྲྭ་ཚུ་ནང་ འཛུལ་ཞུགས་ཐོག་ ཟད་འགྲོ་རང་གིས་བཏང་སྟེ་ ཤེས་ཡོན་སྦྱང་ཚར་བའི་ཤུལ་ལུ་ རྒྱལ་གཞུང་གཡོག་གི་ སྔོན་འགྲོའི་ཆོས་རྒྱུགས་ནང་ལས་ར་ མཐར་འཁྱོལ་འབྱུང་མ་ཚུགས་པ་ཅིན་ ཤེས་ཡོན་དང་ ཟད་འགྲོ་གཉིས་ཆ་ར་ ཆུད་ཟད་འགྱོ་ནི་ཨིན་མས།
ནང་འཁོད་མཐོ་རིམ་སློབ་གྲྭ་ཚུ་ལས་ མཐར་འཁྱོལ་མི་ སློབ་ཕྲུག་ཚུ་ དྲག་དོ་ཡོད་པ་ཅིན་ ང་བཅས་ཀྱི་ སློབ་ཕྲུག་ག་དེ་མང་མང་ རྒྱལ་འཛིན་གཙུག་ལག་སློབ་སྡེའི་འོག་ལུ་ མཐོ་རིམ་ཤེས་ཚད་སྦྱང་བཅུག་ནི་དེ་ གལ་ཆེཝ་སྦེ་མཐོངམ་མས། དེ་གི་དོན་ལུ་ རྒྱལ་ཁབ་ནང་ མཐོ་རིམ་སློབ་གྲྭ་ གསར་བཙུགས་འབད་ནི་གི་ འོས་འབབ་མེད་པ་ཅིན་ ད་ལྟོ་མཐོ་རིམ་སློབ་གྲྭ་༡༠ ཡོད་མིའི་ནང་ འཛུལ་ཞུགས་ཀྱི་ གྱངས་ཁ་ཡར་སེང་འབདཝ་དང་གཅིག་ཁར་ མཐོ་རིམ་སློབ་གྲྭ་གཞན་ཚུ་ལས་ མཐར་འཁྱོལ་མི་དང་ འཕྲུལ་རིག་གི་སློབ་ཕྲུག་ཚུ་གི་ ཤེས་ཡོན་སྤུས་ཚད་ལུ་ཡང་ བརྟག་ཞིབ་འབད་དགོ་ཟེར་ ཞུ་ནི་ཨིན།

About admin

Check Also

བསླབ་སྟོན་པ་གཞི་བཙུགས་ཐོག་ སྔོན་འགོག་གི་ཐབས་ལམ་བཏོན་དགོཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཞུགས་སྐབས་ ཤེས་རིག་བློན་པོ་ ཇའེ་བིར་རའེ་གིས་ ཤེས་རིག་བཟའ་ཚང་དེ་ར་ སྦོམ་ཨིན་ནི་དེ་གིས་ བྱ་སྟབས་མ་བདེ་བའི་དཀའ་ངལ་དང་ གདོང་ལེན་ཐོན་རུང་ ན་གཞོན་ཚུ་ མ་འོངས་པའི་བདོག་གཏད་དང་ འགོ་ཁྲིདཔ་ཨིནམ་ལས་ སྔོན་འགོག་ཐབས་ལམ་དང་ ལཱ་ …

Leave a Reply

Your email address will not be published. Required fields are marked *