ལས་གཡོག་བློན་པོ་ ཉི་མ་སངས་རྒྱས་ཆེན་པོ་ སྒོ་འབྱེད་རྟེན་འབྲེལ་ནང་ བྱོན་པའི་བསྒང་།

མཐོ་རིམ་ཤེས་ཚད་ལྡན་མི་ཚུ་ལུ་ ཉམས་མྱོང་དང་ རིག་རྩལ་སྡེ་ཕྲན་༢ སྒོ་འབྱེད།

༉ ལཱ་གཡོག་གི་ གོ་སྐབས་བཟོ་ནི་དང་ ལཱ་གི་ཉམས་མྱོང་དང་ རིག་རྩལ་ཚུ་ གོང་འཕེལ་གཏང་ཐབས་ལུ་ སྤྱི་ཟླ་༦ པའི་ཚེས་༢༨ ལུ་ ཐིམ་ཕུག་བཟོ་རིག་བཅུ་གསུམ་སྤེལ་ཁང་ནང་ སྡེ་ཚན་༢ སྒོ་འབྱེད་འབད་ཡི།
ལས་གཡོག་བློན་པོ་ ཉི་མ་སངས་རྒྱས་ཆེན་པོ་གིས་ བཤད་མིའི་ནང་ ལས་འགུལ་དེ་གིས་ འཕྲུལ་རིག་གི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ ན་གཞོན་ལཱ་གཡོག་མེད་མི་ཚུ་ལུ་ ཉམས་མྱོང་དང་ བློ་སྟོབས་འཐོབ་ནི་ལུ་ ལྷན་ཐབས་འབད་འོང་ཟེར་ཨིན་པས།
བཟོ་རིག་བཅུ་གསུམ་སྤེལ་ཁང་གི་ དབུ་འཛིན་འོག་མ་ ཡེ་ཤེས་རྣམ་རྒྱལ་གྱིས་ སླབ་མིའི་ནང་ སྡེ་ཕྲན་དེ་གིས་ ལཱ་གཡོག་སྦྱོང་བརྡར་པ་དང་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་མི་ཚུ་ལུ་ ལས་འགུལ་འཚོལ་བྱིན་ནི་ཨིནམ་མ་ཚད་ ལྟ་བཀོདཔ་དང་ མཁོ་ཆས་ཚུ་གི་ཐོག་ལས་ རྒྱབ་སྐྱོར་ཚུ་ བྱིན་འོང་ཟེར་ཨིན་པས།
དེ་མ་ཚད་ ལས་འགུལ་ཚུ་ ངོས་འཛིན་འབད་ནི་དང་ བདེ་སྒྲིག་འབད་ནི་ལུ་ གྲོགས་རམ་འབད་འོང་ཟེར་ཨིནམ་ད་ སྡེ་ཕྲན་དེ་ཡང་ གཞུང་གིས་ ཟད་འགྲོ་དངུལ་ཀྲམ་༥༠༠,༠༠༠ བཏང་ཐོག་ལས་ གཞི་བཙུགས་འབད་ནུག།
ལག་ཤེས་ཤེས་ཡོན་ལས་ཁུངས་ཀྱི་ ལས་རིམ་གཙོ་འཛིན་འགོ་དཔོན་ དབང་ཕྱུག་གིས་ སླབ་མིའི་ནང་ ལས་འགུལ་དེ་ལས་ཐོབ་པའི་ འོང་འབབ་བརྒྱ་ཆ་༨༠ དེ་ ཐོན་སྐྱེད་དང་ ལས་མི་ཚུ་གི་དོན་ལུ་ ལག་ལེན་འཐབ་འོང་ཟེར་ཨིནམ་ད་ བརྒྱ་ཆ་༢༠ དེ་ སྡེ་ཕྲན་ནང་ བཙུགས་ནི་ཨིན་པས།
དེ་ལས་ སྡེ་ཕྲན་གྱིས་ གསོག་འཇོག་འབད་མི་ཚུ་གིས་ ལཱ་གི་དོན་ལུ་ མཁོ་ཆས་ཚུ་ མཁོ་སྒྲུབ་འབད་ནི་ཨིནམ་ད་ གལ་སྲིད་ ལས་འགུལ་ནང་ འཕྲུལ་ཆས་སྦོམ་ཚུ་ དགོཔ་རེ་ཐོན་པ་ཅིན་ གཞུང་གིས་ རྒྱབ་སྐྱོར་འབད་འོང་ཟེར་ཨིན་པས།
མཐོ་རིམ་ཤེས་ཚད་ མཐར་འཁྱོལ་མི་ཚུ་གིས་ ལས་ཚན་ནང་ ཐོ་བཀོད་འབད་ཐོག་ལས་ ལོ་༢ ཀྱི་རིང་ ལཱ་འབད་ནིའི་ གོ་སྐབས་འཐོབ་ནི་ཨིན་རུང་ དབང་ཕྱུག་གིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་ ས་གནས་གཞན་ཁ་ལས་ཕར་ སྡེ་ཕྲན་ཚུ་ ཧེ་མ་ལས་ གཞི་བཙུགས་འབད་རུང་ ན་གཞོན་གངམ་འོང་མ་བཏུབ་ཟེར་ཨིན་པས།
བཟོ་རིག་གཅུ་གསུམ་སྤེལ་ཁང་གི་ སྦྱོང་བརྡར་བ་ པདྨ་ཚེ་དབང་གིས་ སླབ་མིའི་ནང་ གལ་སྲིད་ ཚོང་འབྲེལ་གྱི་ ཉམས་མྱོང་ཚུ་ ཐོབ་ཚུགས་པ་ཅིན་ སྤེལ་ཁང་ནང་ལས་ མཐར་འཁྱོལ་འགྱོ་བའི་སྐབས་ ཚོང་འབྲེལ་འགོ་བཙུགས་ཚུགས་ནི་མས་ཟེར་ཨིན་པས།
ད་རེས་ནངས་པར་ རྒྱལ་ཁབ་ནང་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་༦ དང་ བཟོ་རིག་བཅུ་གསུམ་སྤེལ་ཁང་༢ ནང་ སློབ་ཕྲུག་༡,༤༣༢ ཡོདཔ་ད་ ལྷན་ཁག་གིས་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་ཚུ་ཡང་ སྤྱི་ལོ་༢༠༡༥ ལུ་ བུམ་ཐང་ཆུ་སྨད་དང་ དགེ་ལེགས་ཕུག་ལུ་ གཞི་བཙུགས་འབད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *