༉ རང་གིས་རང་ལུ་ བློ་གཏད་དེ་ འགོ་ཁྲིད་འབད་ནི་ཨིན་ཟེར་བའི་ བརྗོད་དོན་ཐོག་ འགོ་འདྲེན་འཐབ་མི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་གི་ རྒྱལ་ཡོངས་གོམས་འདྲིས་ལས་རིམ་དེ་ སྤྱི་ཟླ་༨ པའི་ཚེས་༡༢ ལུ་ འགོ་བཙུགས་ཡོདཔ་ཨིན་པས།
སེམས་རྟོགས་ཁ་རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་ནང་སྦེ་ འགོ་འདྲེན་འཐབ་མི་ ལས་རིམ་དེ་ནང་ མི་གྲངས་༢,༢༦༣ གྱིས་ གྲལ་གཏོགས་འབད་དོ་ཡོདཔ་ཨིན་པས།
ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ་ལུ་ གཞུང་དང་ གཞུང་མིན་ལས་སྡེ་ཚུ་གིས་ གཞུང་གི་སྲིད་བྱུས་དང་ མི་སྡེའི་དཔལ་འབྱོར་དང་འབྲེལ་བའི་ གནད་དོན་ཚུ་གི་ཐོག་ལུ་ གསལ་བཤད་འབད་ནི་ཨིན་པས།
མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༢,༢༦༣ ཡོད་ས་ལས་༡,༤༢༣ རྒྱལ་འཛིན་གཙུག་ལག་སློབ་སྡེའི་འོག་ལས་ མཐར་འཁྱོལ་མི་ཚུ་ཨིནམ་ད་༧༤༨ རྒྱ་གར་དང་༣༩ ཐའི་ལེནཌ་ དེ་ལས་ གཞན་ཚུ་ ཨཱསི་ཊེ་ལི་ཡ་དང་ ཡུ་ཨེསི་ཨེ་ ཡུ་ནའི་ཊེཌི་ ཨ་རབ་ཨེ་མི་རེཊསི་ཚུ་ལས་ མཐར་འཁྱོལ་མི་ཚུ་ཨིན་པས།
ཐོ་བཀོད་དང་འཁྲིལཝ་ད་ སློབ་ཕྲུག་༡,༦༨༧ སྤྱིར་བཏང་ཆོས་ཚན་ལྷབ་མི་དང་༥༧༦ འཕྲུལ་རིག་ལྷབ་མི་ཚུ་ཨིན་པས།
མ་གཞི་ ལས་རིམ་དེ་གི་དོན་ལུ་ མི་གྲངས་༢,༨༤༣ གྱིས་ ཐོ་བཀོད་འབད་ཡོདཔ་ཨིན་རུང་༥༠༤ གིས་ ཡིག་ཆ་དབྱེ་དཔྱད་ནང་ མ་འོངམ་ད་༡༡ གིས་ ཕྱིར་ཐོན་འབད་ཡོདཔ་ཨིན་པས།
དེ་ལས་༢༨ ཀྱི་ཡིག་ཆ་ཚུ་ ཚང་མ་ཚུགསཔ་ད་ ཧེ་མ་ལས་ ལཱ་གཡོག་ཡོད་མི་༣༤ དུས་ཅིའི་ལས་རིམ་ནང་ མ་ཚུདཔ་ཨིན་པས།
བཅའ་མར་གཏོགས་མི་ཚུ་ བཞེས་སྒོ་ཟ་ནི་དང་ གཞན་ཟ་ཆས་ཚུ་ ཉོ་ཟ་ནིའི་དོན་ལུ་ ཉིན་བསྟར་བཞིན་དུ་ མི་རེ་ལུ་ དངུལ་ཀྲམ་༢༠༠ རེ་ སྤྲོད་དོ་ཡོདཔ་ད་ དེ་ཡང་ ན་ཧིང་ལས་ འགོ་བཙུགས་ཏེ་ བཞེས་སྒོ་བྱིན་ནིའི་ལམ་ལུགས་ ཆ་མེད་བཏང་ནི་དེ་གིས་ཨིན་པས།
གོམས་འདྲིས་ལས་རིམ་དེ་ཡང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་གིས་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་དང་ འབྲེལ་བ་འཐབ་ཐོག་ལས་ བསམ་འཆར་བརྗེ་སོར་འབད་ནི་དང་ ལཱ་གཡོག་གི་ གོ་སྐབས་ཚུ་གི་སྐོར་ལས་ བརྡ་དོན་འཐོབ་ནིའི་དོན་ལུ་ཨིན་པས།
ལས་རིམ་དེ་གི་སྐབས་ རིན་མེད་སྟོང་པར་ཐོབ་མི་ གསོ་བའི་ཞབས་ཏོག་ལུ་ དོ་འགྲན་དང་ ན་གཞོན་ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་ཐོན་སྡོད་པའི་སྐབས་ ཞི་བའི་ལས་བྱེདཔ་ ག་དེ་ཉུང་ཉུང་བཞག་ཐབས་ འབྲུག་པའི་སོ་ནམ་དང་འབྲེལ་བའི་དོ་འགྲན་ ཤེས་ཡོན་ཅན་གྱི་ན་གཞོན་ཚུ་ལུ་གོ་སྐབས་ དེ་ལས་ རང་སོའི་མི་ཚེ་དང་འབྲེལ་བའི་ དོ་འགྲན་ཚུ་ལུ་ གདོང་ལེན་འབད་ཐབས་དང་ ལཱ་གཡོག་གི་ གོ་སྐབས་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་ནི་ཨིན་པས།
དེ་བཟུམ་སྦེ་ བཅའ་མར་གཏོགས་མི་ཚུ་ལུ་ འབྲུག་ལུ་ དམངས་གཙོའི་རིང་ལུགས་ གོང་འཕེལ་དང་ གཞུང་སྐྱོང་ལེགས་ལྡན་ ཡར་དྲག་གཏང་ཐབས་ ཤེས་རིག་ དེ་ལས་ དགག་བཤེར་དང་ ཚད་མཉམ་གྱི་སྐོར་ལས་ཡང་ གསལ་བཤད་འབད་ནི་ཨིན་པས།
ན་ཧིང་དང་ མ་འདྲཝ་སྦེ་ དུས་ཅི་ ལས་རིམ་གྱི་སྐབས་ ཉིན་བསྟར་བཞིན་དུ་ རྒྱན་ཤོག་ཚུ་ཡང་ འགོ་འདྲེན་འཐབ་ནི་ཨིནམ་ད་ རྒྱལ་ཁ་འཐོབ་མི་ཚུ་གིས་ གསོལ་རས་ཚུ་དང་ ཡོན་ཕུ་ལ་དང་ བུམ་ཐང་འགྱོ་ནིའི་ གནམ་གྲུའི་ཤོག་འཛིན་ དེ་ལས་ སྐྱིད་གནས་ཚུ་ནང་སྡོད་ནི་དང་ བློན་ཆེན་དང་གཅིག་ཁར་ ཕྱི་རུའི་བཞེས་སྒོ་ཟ་ནིའི་ གོ་སྐབས་ཚུ་ཡང་ འཐོབ་ནི་ཨིན་པས།
ལས་གཡོག་ལྷན་ཁག་གིས་ འགོ་འདྲེན་འཐབ་མི་ ལས་རིམ་དེ་ སྤྱི་ཟླ་༨ པའི་ཚེས་༡༩ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཉི་མ་དབང་འདུས།