མཐོ་རིམ་ཤེས་ཚད་ངོས་འཛིན་འབད་མི་ཚུ་ ཆ་འཇོག་གྲུབ་ཡོད་རུང་ དྭངས་གསལ་མེདཔ།

༉ ཉིན་གྲངས་༡༣ གྱི་རྒྱབ་ལས་ རྒྱལ་ཁབ་ཀྱིས་ རྫོང་ཁག་ཉི་ཤུ་ལས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་ བཙག་འཐུ་འབད་ནིའི་དོན་ལུ་ བཙག་འཐུའི་བརྡ་བྱང་ཚུ་གུ་ སྐུལ་བསྒྲགས་ཀྱི་ བརྡ་འཕྲིན་དང་ པར་དེ་ཚུ་ སྦྱར་ཏེ་ཡོདཔ་མ་ཚད་ མི་མང་རྩོད་འགྲན་དང་ སྤྱིར་བཏང་གྲོས་འཛོམས་ཚུ་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་ཨིན།
དེ་མ་ཚད་ གཞུང་གི་ལས་སྡེ་དང་ ལས་འཛིན་ཚུ་ནང་ལས་ཕར་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནི་གི་ ཁྱད་ཚད་ལྡན་མི་ཚུ་གིས་ རང་སོའི་གསང་བའི་ ཚོགས་རྒྱན་ཚུ་ བཙུགས་ཐོག་ལས་ འབྲེལ་ཡོད་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་ལུ་ བསྐྱལ་བའི་བསྒང་ཡོད་མི་ལུ་ བལྟ་བ་ཅིན་ བཙག་འཐུའི་བྱ་རིམ་འདི་ འགོ་བཙུགས་ཡོདཔ་བཟུམ་མའི་ ཚོར་སྣང་བྱུངམ་མས།
རྒྱལ་ཡོངས་ཚོགས་སྡེ་དེ་ སྲིད་དང་འབྲེལ་བ་མེདཔ་ལས་ འདེམས་ངོ་ཚུ་གིས་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ ཁོང་རའི་སྐུལ་བསྒྲགས་ལྷོད་ཚུགསཔ་ འབད་ནིའི་དོན་ལས་ ཐོན་ཁུངས་ཚུ་ སྤྱི་རུབ་ཐོག་ སྤྱོད་དོ་ཡོད་པའི་ ལོ་རྒྱུས་གོཝ་མ་ཚད་ རྫོང་ཁག་ལ་ལོ་ཅིག་ནང་ འདེམས་ངོ་གཅིག་གིས་གཅིག་ལུ་ ཁོང་རའི་ངོ་པར་དང་ ཤོག་བྱང་ཚུ་སྤྲོད་དེ་ རྒེད་འོག་ནང་ བགོ་བཀྲམ་འབད་དོ་ཡོདཔ་ཨིན་མས།
ད་རུང་ གནད་དོན་གཞན་ཅིག་ནང་ འདེམས་ངོ་ཚུ་ ཁ་བསྡོམས་ཐོག་ལས་ གནམ་གྲུ་ཧེ་ལི་ཀོབ་ཊར་གླ་ཁར་ ལེན་ཐོག་ལས་ རྒེད་འོག་ཚུ་ནང་ སྤྱིར་བཏང་འཛོམས་འདུ་ཚུ་ནང་ བཅའ་མར་གཏོགས་པར་ སོང་ཡོདཔ་ད་ གལ་སྲིད་ ཧེ་ལི་ཀོབ་ཊར་ནང་ འཕུར་འགྲུལ་མ་འབད་བ་ཅིན་ རྐང་སྟོང་སྦེ་ འགྱོ་དགོཔ་ལས་ དངམ་གཅིག་ལུ་ ལཱ་ལྟོ་ཆག་ནི་དང་ གཉིས་པ་འབདཝ་ད་ རྒེད་འོག་གཞན་ཚུ་ནང་ སྐུལ་བསྒྲགས་འབད་མ་ཚུགས་པར་ ལུས་ནི་ཨིན་མས།
རྫོང་ཁག་དག་པ་ཅིག་ནང་དང་ བརྡ་བརྒྱུད་འདུམ་འགྲིགཔ་དང་འབྲེལ་བའི་ གནད་དོན་དུམ་གྲ་རེ་ ཐོན་མི་མ་གཏོགས་ སྤྱིར་བཏང་བཙག་འཐུའི་བྱ་རིམ་དེ་ ལེགས་ཤོམ་སྦེ་ར་ འགྱོ་དོ་བཟུམ་མཐོངམ་མས། ཨིན་རུང་ འབྲུག་ངོས་འཛིན་ཚོགས་སྡེ་གིས་ ཤེས་ཚད་ཀྱི་ ངོས་འཛིན་འབད་དེ་ བཙག་འཐུ་ལྷན་ཚོགས་ཀྱིས་ རྒྱབ་སྣོན་ཆ་འཇོག་འབད་ནིའི་ཐད་ལུ་ དྭངས་གསལ་ཅིག་ བཟོ་མ་ཚུགས་པས།
མ་གཞི་ དང་འདོད་ཅན་གྱི་ འདེམས་ངོ་ཚུ་གི་ གཙུག་ལག་སློབ་སྡེའི་ ཤེས་ཚད་ལག་ཁྱེར་ ངེས་བདེན་ཨིན་མིན་གྱི་ བདེན་དཔྱད་འབད་ནིའི་དོན་ལུ་ ཚད་ལྡན་དབང་འཛིན་གཞན་ཚུ་ལུ་ འབད་བཅུག་ནི་གི་ གྲོས་ཐག་བཅད་མི་དེ་ ལེགས་ཤོམ་ཅིག་ཨིན་རུང་ སྔ་གོང་ལས་ མི་མང་དང་ འདེམས་ངོ་ཚུ་ལུ་ བརྡ་དོན་མ་སྤྲོད་པར་བཞག་མིའི་ གྲོས་ཆོད་ལུ་ དྲི་བཀོད་འབད་དགོ་མི་དེ་ཡང་ མི་མང་ལུ་ བརྡ་སྤེལ་འབད་ནི་གི་ གྲོས་ཐག་བཅད་མི་དེ་གིས་ ལ་ལོ་ཅིག་ལུ་ ཕན་གྲོགས་དང་ ཁེ་ཕན་མཁོ་སྤྲོད་འབད་བའི་ མནོ་ལུགས་ཅིག་བྱུང་ནི་དེ་གིས་ཨིན་མས།
འབྲུག་ངོས་འཛིན་ལྷན་ཚོགས་ཀྱིས་ མཐོ་རིམ་ཤེས་ཚད་ ངོས་འཛིན་འབད་ནིའི་ དབང་འཛིན་གཞན་ཡོད་པའི་སྐོར་ ཁྱབ་བསྒྲགས་འབད་བའི་བསྒང་ལས་ ཧ་ལམ་འདེམས་ངོ་ཆ་མཉམ་གྱིས་ ཤེས་ཚད་བདེན་དཔྱད་དང་ ངོ་སྦྱོར་འབད་ནི་གི་ བྱ་རིམ་དེ་ མཇུག་བསྡུ་ཚར་ནུག།
ཚོགས་སྡེ་གིས་ སྤྱི་ཟླ་༣ པའི་ཚེས་༣༡ ལུ་ གཙུག་ལག་སློབ་སྡེའི་ ཤེས་ཚད་ཚུ་ བདེན་དཔྱད་ཐོག་ ངོ་སྦྱོར་འབད་ནི་གི་ དབང་ཚད་དེ་ ཚོགས་སྡེ་ལུ་རྐྱངམ་གཅིག་མེན་པར་ འབྲུག་གི་བསྟན་སྲུང་དམག་སྡེ་དང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ འབྲུག་སྨན་རིགས་དང་ གསོ་བ་ཚོགས་སྡེ་ མངོན་མཐོ་ཁྲིམས་འདུན་ཚུ་གིས་ཡང་ འབད་ཆོག་པའི་ གནང་བ་སྤྲོད་ཡོད་པའི་སྐོར་ གསལ་བསྒྲགས་འབད་མི་དེ་ བླམ་བྱོན་ཚརཝ་ད་བསངས་བཏང་། །དོམ་རྒྱབ་ཐལཝ་ད་ དཔའ་རྟགས་འབལ། །ཟེར་ དཔྱེ་གཏམ་སླབ་སྲོལ་ཡོདཔ་བཟུམ་ཅིག་ཨིན་མས།
ལམ་ལུགས་ག་ཅི་ར་ཨིན་རུང་ བསྟར་སྤྱོད་མ་འབད་བའི་ཧེ་མར་ དྭངས་གསལ་བཟོ་སྟེ་ མི་མང་ལུ་ བརྡ་དོན་སྤྲོད་ཐོག་ལས་ ཤེས་རྟོགས་ཡོདཔ་ བཟོ་དགོཔ་དེ་གལ་ཆེ།
སྤྱིར་བཏང་རྒྱལ་སྤྱི་ལམ་ལུགས་དང་འཁྲིལ་བ་ཅིན་ ཡིག་ཆ་ཚུ་ བདེན་སྦྱོར་དང་ ངོ་སྦྱོར་ག་ཅི་ར་འབད་ནི་ཡོད་རུང་ མི་མང་ཁྲིམས་དོན་ཡིག་ཚང་གིས་ འབད་དོ་ཡོདཔ་ལས་ ང་བཅས་འབྲུག་ལུ་ཡང་ ཤེས་ཚད་ངོས་འཛིན་འབད་མི་ ཚད་ལྡན་དབང་འཛིན་གཉིས་པ་སྦེ་ མི་མང་ཁྲིམས་སྡེ་ཡིག་ཚང་ལུ་ ག་ཅི་སྦེ་ གནང་བ་མ་གྲུབ་ཨིན་ན་ཟེར་ དྲི་བཀོད་འབད་ནི་ འགོ་བཙུགས་ནུག།
དེ་བཟུམ་སྦེ་ ཞི་གཡོག་དང་ དམག་སྡེ་ ཁྲིམས་སྡེ་ཚུ་ནང་ ལཱ་འབད་མི་ཚུ་གི་ཐད་ལུ་ ཤེས་ཚད་ཀྱི་ ངོ་སྦྱོར་དེ་ རང་སོའི་ལས་སྡེ་ཚུ་གིས་ འབད་ཆོགཔ་སྦེ་ཨིན་རུང་ འདེམས་ངོ་དེ་ ལས་འཛིན་དང་ སྒེར་སྡེ་ཚུ་ནང་ ལཱ་འབད་མི་ཨིན་པ་ཅིན་ དབང་འཛིན་ག་གིས་ ངོ་སྦྱོར་འབད་ནི་ཨིན་ན་ ལམ་ལུགས་དང་ བྱ་བའི་གནད་སྤྱོད་དྭངས་གསལ་མེདཔ་ལས་ ད་ལྟོ་ རྩོད་རྙོགས་ཐོན་པའི་ ནམ་དུས་ལུ་ སྟབས་མ་བདེཝ་ཡོད་མི་ཚུ་ སེལ་ཐབས་འབད་དགོཔ་འདུག།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *