༉ རྒྱལ་ཁབ་ནང་ ནང་པའི་སྨན་གྱི་ཞབས་ཏོག་ གཞི་བཙུགས་འབད་དེ་ མི་ལོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་འབད་མི་དེ་གིས་ ད་ཚུན་གྱི་རིང་ མི་མང་ལུ་ ཞབས་ཏོག་སྤུས་ཚད་ཅན་དང་ ཕན་རླབས་ཅན་ དེ་ལས་ སྟབས་བདེ་ཏོག་ཏོ་བཟོ་ཡོད་པའི་ ལེགས་ཐོན་གྲུབ་འབྲས་ གསལ་སྟོན་འབདཝ་ཨིན་མས།
ལོ་ངོ་བཅུ་ཕྲག་༥ འི་ཧེ་མར་ ནང་པའི་སྨན་གྱི་ལམ་ལུགས་ གཞི་བཙུགས་འབད་བའི་སྐབས་ དྲུང་འཚོ་དང་ སྨན་པ་ཚུ་ལུ་ སྨན་བཅོས་སྦྱོང་བརྡར་དང་ གཞི་རྟེན་མཐུན་རྐྱེན་ཚུ་གི་ གདོང་ལེན་བྱུང་སྟེ་འབད་རུང་ ད་རེས་ནངས་པ་ དྲུང་འཚོ་ཚུ་ག་ར་ ཤེས་ཡོན་ཅན་དང་ ལྕོགས་གྲུབ་ཡོད་མི་ ཙང་ཙ་ཨིན་པའི་ཁར་ མཐུན་རྐྱེན་ཚུ་གི་ཐད་ལས་འབད་རུང་ མ་བཏུབ་བཏུབ་སྦེ་ གཞི་བཙུགས་འབད་ཡོད་ནི་དེ་གིས་ ཞབས་ཏོག་སྤྱོད་མི་ ནདཔ་ཚུ་ལུ་ ཁྱད་རིག་དང་ལྡན་པའི་ ནད་བརྟག་སྨན་བཅོས་ཞབས་ཏོག་ཚུ་ བྱིན་དོ་ཡོད་པའི་ མངོན་གསལ་བྱུངམ་ད་ ང་བཅས་ར་ འབྲུག་མི་ཚུ་ག་ར་ ངལ་རངས་ཡིད་ཆེས་བསྐྱེད་དགོ་པའི་ གཞི་གནད་ཅིག་ཨིན་མས།
རྒྱལ་ཁབ་ནང་ ནང་པའི་སྨན་གྱི་ལམ་ལུགས་དེ་ འགོ་དང་པ་ སྤྱི་ལོ་༡༩༦༨ ཟླ་༥ པའི་ཚེས་༢༨ ལུ་ ཐིམ་ཕུག་བདེ་ཆེན་ཆོས་གླིང་ལུ་སྦེ་ གཞུང་འབྲེལ་ཐོག་ལས་ སྨན་སྤྲོད་ཁང་ ཆུང་ཀུ་ཅིག་སྦེ་ གཞི་བཙུགས་མ་འབད་བའི་ཧེ་མར་ འབྲུག་མི་ཚུ་གིས་ སྒེར་གྱི་དྲུང་འཚོ་དག་པ་ཅིག་ལས་ ནང་པའི་སྨན་བཅོས་ཞབས་ཏོག་ ལེན་ཏེ་སྡོད་ནུག།
དེ་བསྒང་ ས་ཐག་རིང་ས་ལས་ ནང་པའི་སྨན་བཅོས་འབད་བར་འོང་མི་ཚུ་གིས་ རང་སོའི་རྒྱགས་སྐལ་འབག་སྟེ་ སྨན་སྤྲོད་ཁང་གི་སྦོ་ལོགས་ཁར་ གུར་སྤུབས་ཏེ་ ནད་གཞི་ལས་མ་དྲག་ཚུན་ དྲུང་འཚོ་བསྟེན་སྡོདཔ་ཨིན་ཟེར་སླབ་པའི་ དྲན་ཚོར་བྱུངམ་ཨིན་པས།
ཨིན་རུང་ རྒྱལ་ཁབ་ཡར་རྒྱས་ཀྱི་འགྱུར་བ་དང་བསྟུན་ ད་རེས་ རྫོང་ཁག་༢༠ ནང་ དེང་སང་གི་ སྨན་ཁང་དང་གཅིག་ཁར་ ནང་པའི་སྨན་བཅོས་སྡེ་ཕྲན་༦༥ གཞི་བཙུགས་འབད་ཡོདཔ་བཞིན་དུ་ ཁྱད་རིག་ཅན་གྱི་དྲུང་འཚོ་༤༦ དང་ སྨན་པ་༩༣ ཡོད་མི་ལུ་ལྟཝ་ད་ བསམ་བརྗོད་ལས་འདས་པའི་ ཡར་རྒྱས་སོང་ནུག།
འདི་དང་གཅིག་ཁར་ རྒྱལ་ཁབ་མཐའ་དབུས་མེད་པའི་མི་ཚུ་གིས་ ནང་པའི་སྨན་གྱི་ ཕན་ནུས་སྐོར་ལས་ ཤེས་རྟོགས་བྱུང་ནི་དེ་གིས་ ཧེ་མ་དང་ཕྱདཔ་ད་ སྨན་བཅོས་འབད་བར་འོང་མི་ ཡར་སེང་སོང་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༡༦ དང་༢༠༡༧ ལུ་འབད་བ་ཅིན་ མི་གྲངས་༧༠,༠༠༠ ལྷགཔ་ཅིག་གིས་ ཞབས་ཏོག་སྤྱོད་ནུག།
དེ་འབདཝ་ལས་ ཉིནམ་བརྩི་སྲུང་དང་འབྲེལ་ ནདཔ་ཚུ་གི་དོན་ལུ་ ཞི་གནས་དང་ ལུས་སྦྱོང་ཞབས་ཏོག་ འགོ་བཙུགས་ཡོདཔ་མ་ཚད་ ཟླཝ་༡ གི་ཧེ་མར་ ནདཔ་༡༠ ཤོང་བའི་ ནང་སྡོད་ནད་པའི་མཐུན་རྐྱེན་ཡང་ སྒོ་འབྱེད་འབད་ཡོདཔ་བཞིན་དུ་ ད་ལྟོ་ཚུན་ ནདཔ་༢༠ དེ་ཅིག་གིས་ མཐུན་རྐྱེན་དེ་ ལག་ལེན་འཐབ་ནུག།
ཞབས་ཏོག་འདི་ནང་ གཙོ་བོ་ར་ གུ་རམ་གྱི་ནད་དང་ ཁྲག་ཤུགས་ནད་ ཚིགས་ན་མི་ སྒལ་ཏོ་ན་མི་ ཡམ་ན་མི་ དེ་ལས་ ཕོཝ་ན་མི་ནདཔ་ཚུ་ སྨན་བཅོས་འབདཝ་ཨིན་མས།
དེ་ལས་ ནང་པའི་གསོ་རིག་ལས་རིམ་གྱི་ ཡན་ལག་བཟུམ་ཅིག་སྦེ་ སྤྱིར་བཏང་མི་མང་གི་དོན་ལུ་ ནད་གཞི་ཚུ་ལས་ སྔོན་འགོག་འབད་ནི་དང་ གཟུགས་ཁམས་འཕྲོད་བསྟེན་ སྒྲིང་སྒྲི་སྦེ་ བཞག་ནིའི་དོན་ལུ་ ཞི་གནས་བསྒོམ་ནི་དང་ ལུས་སྦྱོང་གི་ ཞབས་ཏོག་ཚུ་ཡང་ བྱིན་དོ་ཡོདཔ་ད་ དེའི་དོན་ལུ་ དམིགས་བསལ་དུ་ དྲུང་འཚོ་༢ དང་ སྨན་པ་༧ ལུ་ སྦྱོང་བརྡར་བྱིན་ནུག།
གཞུང་གིས་ འདི་བཟུམ་མའི་ སྤུས་ཚད་ལྡན་པའི་ ནང་པའི་སྨན་བཅོས་ཞབས་ཏོག་ཚུ་ གཞི་བཙུགས་གནང་ཡི་ཟེར་ ང་བཅས་ར་ ངལ་རངས་སྡོད་ནི་མེན་པར་ དྲུང་འཚོ་དང་ སྨན་པ་ཚུ་གི་ཁ་ཐུག་ལས་འབད་རུང་ གསོ་བའི་ཀུན་སྤྱོད་རྣམ་གཞག་དང་ གཞན་ཕན་བྱང་ཆུབ་ཀྱི་ སེམས་བསྐྱེད་བཟང་པོའི་ཐོག་ལས་ ཕྱག་ལཱ་མ་གནང་པ་ཅིན་ སྤྱིར་བཏང་མི་མང་གིས་ ཕན་རླབས་ཆེ་བའི་ གསོ་བའི་ཞབས་ཏོག་འཐོབ་མ་ཚུགས་པའི་ ཉེན་ཁ་ཡོདཔ་ལས་ ཁྱད་རིག་ཐོག་ལས་ སྤུས་ཚད་ཅན་དང་ བློ་གཏད་ཅན་གྱི་ ཞབས་ཏོག་མཁོ་སྤྲོད་འབད་ནི་ལུ་ གཙོ་རིམ་བཟུང་དགོ།
Check Also
ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།
༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …