མཐར་འཁྱོལ་འབྱུང་དགོ་པ་ཅིན་ ལཱ་རྩ་འགེངས་འབད་དགོ།

དེ་ཡང་ དཔེ་སྟོན་གྱི་ སོ་ནམ་པ་ལུ་གྱུར་མི་ བིམ་བྷ་དུར་ཀར་ཀི་གིས་ བཤདཔ་ཨིན་པས།

༉ སྒོ་ནོར་གསོ་སྐྱོང་འཐབ་ཐོག་ལས་ མཐར་འཁྱོལ་ཅན་གྱི་ སོ་ནམ་པ་ཅིག་ལུ་ འགྱུར་དགོ་པ་ཅིན་ བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་ལུ་ཡོད་མི་ བིམ་བྷ་དུར་ཀར་ཀི་ལས་ དཔྱེ་བལྟ་དགོཔ་འདུག།
དེ་ཡང་ སྐྱེས་ལོ་༥༨ ལང་མི་ བིམ་བྷ་དུར་གྱིས་ སྤྱི་ལོ་༡༩༩༢ ལུ་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་ཞིནམ་ལས་ བདེ་བ་ཐང་ སློབ་གྲྭ་ཆུང་བའི་འོག་ལུ་ ཁོ་རའི་གནས་ཚང་གི་ ཁྱིམ་ནང་སྡོད་པའི་སྐབས་ ཁོ་ར་ རྒྱ་གར་ལུ་ སོ་ནམ་དང་འབྲེལ་བའི་ ལྟ་བཤལ་ལུ་ འགྱོ་ནི་གི་ གོ་སྐབས་ཐོབ་ཡོདཔ་ཨིན་པས།
དེ་ལས་ ཁོ་གིས་ འབྲུག་གོང་འཕེལ་དངུལ་ཁང་ལས་ སྐྱིན་འགྲུལ་དངུལ་ཀྲམ་༧༠,༠༠༠ ལེན་ཡོདཔ་མ་ཚད་ རྫོང་ཁག་སྒོ་ནོར་སྡེ་ཚན་གྱི་ རྒྱབ་སྐྱོར་ཐོག་ལུ་ རྒྱ་གར་ལས་ ནོར་ཇར་སི་དམརཔོ་རེ་ལུ་ རིན་གོང་དངུལ་ཀྲམ་༡༠,༠༠༠ རེ་སྤྲོད་དེ་ ཇར་སི་༧ ཉོ་སྟེ་ སྒོ་ནོར་གསོ་སྐྱོང་འབད་ནི་ འགོ་བཙུགས་ནུག།
ད་རེས་ནངས་པར་ བིམ་བྷ་དུར་གྱི་ གསོ་སྐྱོང་ཁང་ནང་ བ་༡༥ དེ་ཅིག་ཡོད་མི་ལས་ ཉིན་བསྟར་བཞིན་དུ་ ཨོམ་ལི་ཊར་༨༠ དེ་རེ་ ཐོན་སྐྱེད་འབད་མི་ལུ་བརྟེན་ ལོ་རེའི་ནང་ འོང་འབབ་དངུལ་ཀྲམ་ས་ཡ་ལྷགཔ་རེ་ བཟོ་ཚུགསཔ་མ་ཚད་ ལོ་བསྟར་བཞིན་དུ་ བོའུ་ཅུང་འཚའ་དོ་ཡོདཔ་ལས་ དེ་ཚུ་བཙོངམ་ད་ ལོ་༡ ནང་ འོང་འབབ་ས་ཡ་ཕྱེད་དང་༢ དེ་ཅིག་ བཟོ་ཚུགས་དོ་ཡོདཔ་ཨིན་པས།
ད་རུང་ ཁོ་ལུ་ སྒྲིང་ཁྱིམ་༢ དང་ ཤིང་ཐོག་ཨམ་ཅུ་ཀུ་ལི་ལྡུམ་ར་ ནོར་གྱི་ལུད་བཙོང་བཙོངམ་ དེ་ལས་ ས་མཁོ་སྒྲུབ་འབད་མི་ཚུ་བརྩིསཝ་ད་ དངུལ་ཀྲམ་ས་ཡ་༣༠ དེ་ཅིག་གི་ རྒྱུ་དངོས་ཡོད་མི་ཚུ་ ཆ་མཉམ་ར་ བ་ཚུ་ལས་ ཐོན་སྐྱེད་འབད་མི་ ཨོམ་ཚུ་ལུ་བརྟེན་ཏེ་ཨིན་ཟེར་ བིམ་བྷ་དུར་གྱིས་ དཔའ་ཉམས་དང་བཅསཔ་སྦེ་ བཤདཔ་ཨིན་པས།
ཁོ་ལུ་ ནོར་གསོ་སྐྱོང་ནང་ ཁོ་ར་ རྒྱ་གར་ལུ་ ནོར་གསོ་སྐྱོང་འཐབ་མི་ཚུ་ལས་ མཐོང་གསལ་བྱུང་མི་ རྐྱངམ་གཅིག་མ་གཏོགས་ ཁྱད་རིག་གི་ སྦྱོང་བརྡར་མེད་རུང་ ཁོ་གིས་ ཡུན་རིངམོ་སྦེ་ བ་གསོ་སྐྱོང་གི་ ལཱ་འབད་མི་ལུ་བརྟེན་ ལག་ལེན་དངོས་བསྟར་གྱི་ ཉམས་མྱོང་ཡོད་ཟེར་ སླབ་ཨིན་པས།
ཁོ་གིས་ ནོར་གསོ་སྐྱོང་གི་དོན་ལས་ ས་ཆ་ཨེ་ཀར་༡༠ ནང་ རྩྭ་ཆག་བཙུགས་ཏེ་ཡོདཔ་ད་ ཁོ་རའི་ དུས་རྒྱུན་གྱི་ལཱ་དེ་ རྩྭ་བཏོག་ནི་དང་ ནོར་སེམས་ཅན་ཚུ་ལུ་ ལྟོ་དུས་ཕོགས་ཚར་༣ བྱིན་ནི་ དེ་ལས་ ཨོམ་བཞོ་ནི་ཚུ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ བ་ལས་ཨོམ་ཐོན་ནི་དེ་ ལྟོ་བྱིན་ཐངས་ལུ་ རག་ལསཔ་ལས་ སྤུས་ཚད་དང་ལྡན་པའི་ བཞེས་སྒོ་བཅུད་ཅན་བྱིན་དགོཔ་ ཁག་ཆེ་ཟེར་ཨིན་པས།
ནོར་ཚུ་ལུ་ དུས་རྒྱུན་གྱི་ལྟོ་ཡང་ ཀརྨ་ལྟོ་ཀེ་ཇི་ཕྱེད་ཀ་དང་ དཀར་གྱི་ཕུབ་མ་ ཐ་ལི་གང་ ཆུམ་བཀོལ་བཀོལཝ་ དེ་ལས་ གུ་རམ་དམརཔོ་དུམ་གྲ་ཅིག་དང་ ཁ་ཟས་ ཚྭ་ཚུ་ རྩྭ་སྐམ་དང་ རྩྭ་ཧོནམོ་དང་སླ་བསྲེས་ཏེ་ ཚད་དང་ལྡནམ་སྦེ་ བྱིནམ་ཨིན་པས།
བིམ་བྷ་དུར་གྱིས་འབད་བ་ཅིན་ ནོར་གསོ་སྐྱོང་འཐབ་ད་ གཙོ་བོ་ར་ ནོར་གྱི་ལྟོ་ལུ་ རག་ལསཔ་བཞིན་དུ་ སྤུས་ཚད་དང་ལྡན་པའི་ བཞེས་སྒོ་བྱིན་ཚུགས་པ་ཅིན་ ལཱ་དེ་ ལཱ་ཁག་ཅིག་མེན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ནོར་སེམས་ཅན་ཚུ་ ལྟོ་དེ་ ལྟོ་གིས་ཕོཝ་མ་འགྲངསམ་ད་ ཚད་ལས་བརྒལ་བྱིན་ནི་མེན་པར་ བཅུད་དང་ལྡནམ་སྦེ་ བྱིནམ་མ་ཚད་ ཚད་སྙོམས་སྦེ་ བྱིན་དགོ་ཟེར་ཨིནམ་ད་ བ་ནོར་གསོ་སྐྱོང་འཐབ་ནིའི་དོན་ལུ་ དང་འདོད་བསྐྱེད་མི་རེ་ ཡོད་པ་ཅིན་ བ་གདམ་ཁ་རྐྱབ་ནི་ལས་ འཛིན་སྐྱོང་ཚུན་ ལམ་སྟོན་དང་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ གྲ་སྒྲིག་ཡོད་ཟེར་ཨིན་པས།
ན་གཞོན་ལཱ་གཡོག་མེད་པའི་ དཀའ་ངལ་གྱི་ཐད་ལུ་ བིམ་བྷ་དུར་གྱིས་ སླབ་མིའི་ནང་ བ་གསོ་སྐྱོང་འཐབ་ནི་དེ་ འོང་འབབ་ཀྱི་ འབྱུང་ཁུངས་གཞན་བཟུམ་སྦེ་ ཁེ་སང་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ནངས་པར་ ན་གཞོན་མང་ཤོས་ཅིག་ ལཱ་གཡོག་འཚོལ་བར་ ཁྲོམ་ཁར་འགྱོ་དོ་ཡོདཔ་ལས་ རང་གིས་ སེམས་ཤུགས་བསྐྱེད་དེ་ ལཱ་འབད་བ་ཅིན་ དངུལ་གྱི་འོང་འབབ་ རང་གི་སྒོའི་རྩ་བ་ལས་ བཟོ་ཚུགས་པའི་ འོས་འབབ་སྦོམ་འདུག་ཟེར་ཨིན་པས།
ཁོ་གིས་ རང་མགོ་རང་འདྲོངས་ཀྱི་དོན་ལུ་ བརྩོན་ཤུགས་བསྐྱེད་དེ་ ལཱ་འབད་མི་ལུ་བརྟེན་ སྤྱི་ལོ་༢༠༡༤ ལུ་ བཀྲིས་སྒང་བཀང་ལུང་ལུ་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་ཞུཝ་ད་ མི་དབང་བདག་རིན་པོ་ཆེ་མཆོག་གིས་ བིམ་བྷ་དུར་ལུ་ རྒྱལ་ཡོངས་གཟེངས་ཐོན་ དངུལ་གྱི་རྟགས་མ་ གནང་ཡོདཔ་ཨིན་པས།
ཁོ་གིས་ མི་ཚེའི་ནང་ ཡར་རྒྱས་འགྱོ་དགོ་པ་ཅིན་ དུས་དང་རྣམ་པ་ཀུན་ཏུ་ བརྩོན་འགྲུས་བསྐྱེད་དེ་ ལཱ་འབད་དགོ་ཟེར་ བཤདཔ་ཨིན་པས།
ད་རེས་འབདཝ་ད་ བིམ་བྷ་དུར་གྱི་ སྒོ་ནོར་གསོ་སྐྱོང་ཁང་དེ་ མི་སྡེ་ཚུ་ལུ་ སེམས་ཤུགས་བསྐྱེད་བཅུག་པའི་ ཡུལ་ལུ་གྱུར་ཏེ་ཡོད་མི་དེ་ཡང་ ལྟ་བཤལཔ་དང་ རྒྱལ་ཁབ་ནང་འཁོད་ཀྱི་ སོ་ནམ་པའི་ སྡེ་ཚན་ཚུ་ ལྟ་སྐོར་ནང་ འོང་དོ་ཡོདཔ་ཨིན་པས།
བིམ་བྷ་དུར་དེ་ བདེ་བ་ཐང་ཨོམ་ཚོང་འབྲེལ་མཉམ་ལས་ཚོགས་སྡེའི་ ཁྲི་འཛིན་ཡང་ཨིནམ་ད་ འཐུས་མི་༡༥༠ དེ་ཅིག་ཡོད་མི་ མཉམ་ལས་ཚོགས་སྡེ་གིས་ ཉིན་བསྟར་བཞིན་དུ་ ས་མཚམས་ཁྲོམ་ཁར་ ཨོམ་ལི་ཊར་རེ་ལུ་ དངུལ་ཀྲམ་༤༥ རེ་སྦེ་ ཨོམ་ལི་ཊར་སྟོང་ཕྲག་ལས་བཅད་དེ་ བཙོང་དོ་ཡོདཔ་ཨིན་པས།
མ་གཞི་ ཁོ་རའི་ཨ་ལོ་༧ གྱིས་ ཨ་པ་ཁོ་ར་ ཁྲོམ་ཁར་སྡོད་དགོཔ་སྦེ་ སླབ་དོ་ཡོདཔ་ཨིན་རུང་ ཁོ་ར་ བ་ནོར་དང་གཅིག་ཁར་ སྡོད་ནི་གི་ གདམ་ཁ་རྐྱབ་ཡོདཔ་ཨིན་པས།
བ་ནོར་གསོ་སྐྱོང་ནང་ དུས་རྒྱུན་དུ་ ཆ་རོགས་འབད་མི་ ཁོ་རའི་གནས་ཚང་ སྐྱེས་ལོ་༦༦ ལང་མི་ གཡང་འཛོམས་ཀྱིས་ སླབ་མིའི་ནང་ ད་རེས་ ཁོང་ར་༢ ལོ་ན་རྒས་མི་ལུ་བརྟེན་ ནོར་གསོ་སྐྱོང་འཐབ་ནི་ བཤོལ་བཞག་སྟེ་ གནས་སྐོར་རེ་འགྱོ་ ཆོས་རེ་འབད་སྡོད་གེ་ཟེར་སླབ་རུང་ རྨགཔ་གིས་ ཉན་མི་བཏུབ་པས་ཟེར་ཨིན་པས།
བིམ་བྷ་དུར་གྱིས་ བ་ནོར་ཚུ་ ཁོ་རའི་མི་ཚེ་ནང་ ག་ནི་བ་ བཀའ་དྲིན་ཆེ་ཤོས་ཅིག་ཨིནམ་ལས་ གནད་དོན་ག་ཅིའི་ཐད་ལུ་འབད་རུང་ བཤོལ་བཞག་མི་ཚུགས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ ཚེ་རིང་རྣམ་རྒྱལ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *