དངུལ་ཐོག་རྐྱངམ་གཅིག་མེན་པར་ བྱ་ཊར་ཀི་ཚུ་ཡང་ གསོ་སྐྱོང་འབདཝ་ཨིན་པས།

མཐའན་མཇུག་ལུ་ ཁོ་ར་ལུ་ སྤྲོ་བ་ཡོད་མི་ སོ་ནམ་ལཱ་ནང་ འབྲེལ་འཛིན་འབད་ཚུགས་ཡོདཔ།

༉ བཀྲིས་སྒང་རྫོང་ཁག་ ཁྲི་ཤིང་སྒེར་དུང་མ་ལས་ དབང་དྲག་གིས་ ཆུ་ཁ་རྫོང་ཁག་ ཝང་ཁ་ལུ་ སོ་ནམ་གྱི་ ལཱ་འབད་ནི་ འགོ་བཙུགས་ཏེ་ཡོདཔ་ཨིན་པས།
སྐྱེས་ལོ་༦༣ ལང་མི་ དབང་དྲག་དེ་ ཧེ་མ་ དངུལ་ཁང་ཅིག་ནང་ སྲུང་རྒྱབ་སྦེ་ ལཱ་འབད་མི་ཅིག་ཨིནམ་ད་ ད་རེས་ནངས་པར་ ཁོ་གིས་ ཉེན་ཁ་འབག་ཐོག་ལས་ ཤིང་འབྲས་དང་ དངུལ་ཐོག་རིགས་མ་འདྲཝ་༡༤ འཛུགས་སྐྱོང་འབདཝ་ཨིན་པས།
ཕུན་ཚོགས་གླིང་དང་ ཐིམ་ཕུག་བར་ནའི་ གཞུང་ལམ་གྱི་ཐོག་ལུ་ དབང་དྲག་གི་ ས་ཆ་ཨེ་ཀར་༣ འབད་མི་དེ་ནང་ ལོ་ངོ་གསུམ་གྱི་ ནང་འཁོད་ལུ་ འཛུགས་སྐྱོང་འབད་མི་ཚུ་གི་གྲས་ལས་ ཤིང་འབྲས་ཀི་ཝི་དང་ ཨ་ལཱན་ཅི་དེ་ དངུལ་ཐོག་གཙོ་ཅན་ཅིག་ལུ་ གྱུར་ཏེ་ཡོདཔ་ཨིན་པས།
དབང་དྲག་གིས་ སྤྱི་ལོ་༢༠༡༥ ནང་ ཀི་ཝི་འགོ་དང་པ་ འཛུགས་སྐྱོང་འབད་བའི་ཤུལ་ལུ་ ན་ཧིང་ ཤིང་འབྲས་འགོ་དང་པ་ བཏོགས་པའི་སྐབས་ ཀི་ཝི་ཀེ་ཇི་༥༠ ཐོབ་མི་ཆ་མཉམ་ར་ འབྲུག་ཚོང་དང་ བཟོ་གྲྭ་ཚོགས་སྡེ་གིས་ འགོ་འདྲེན་འཐབ་ཡོད་མི་ ཀི་ཝི་འགྲེམས་སྟོན་ནང་ ཀེ་ཇི་རེ་ལུ་ དངུལ་༣༠༠ རེ་སྦེ་ བཙོང་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོ་གིས་ འགོ་དང་པ་ འཛུགས་འབད་མི་ ཀི་ཝི་གི་ལྕངམ་༥༠ པོ་དེ་ཡང་ འབྲུག་ཚོང་དང་ བཟོ་གྲྭ་ཚོགས་སྡེ་གིས་ གོང་ཚད་མར་ཕབ་ཐོག་ལས་ བྱིན་ཡི་ཟེར་ཨིན་པས།
སྤྱི་ལོ་༢༠༡༦ ལུ་ དབང་དྲག་གིས་ ཀི་ཝི་གི་ ལྕངམ་ཐེབས་༥༠ འཛུགས་སྐྱོང་འབད་ཡོདཔ་ད་ དུས་ཅི་ ཀི་ཝི་གི་དོག་མ་ལེགས་ཤོམ་འོང་ནི་གི་ རེ་བ་མེད་མི་དེ་ཡང་ རླུང་འཚུབས་ཀྱིས་ ཀི་ཝི་གི་ ཤིང་ཚུ་ལུ་ གནོད་སྐྱོན་རྐྱབ་ནི་དེ་གིས་ཨིནམ་སྦེ་ བཤདཔ་ཨིན་པས།
དེ་ལས་ ཨ་ལཱན་ཅི་གི་ཐད་ལུ་ལྷོདཔ་ད་ ཝང་ཁ་ལུ་ ག་དེ་སྦེ་ སྐྱེས་དོ་ག་ མོ་བཏབ་འབད་ནིའི་དོན་ལུ་ སྤྱི་ལོ་༢༠༡༥ ལུ་ ལྕངམ་༡༠༣ འཛུགས་སྐྱོང་འབད་མི་དེ་ ད་ལྟོ་ ཧོ་ལྡེམ་ལྡེམ་སྦེ་ མཐོང་གསལ་བྱུངམ་ཨིན་པས།

དབང་དྲག་གིས་ དཔའ་ཉམས་ཀྱི་སྒོ་ལས་ ཁོ་རའི་ ཀི་ཝི་དོག་མ་ཚུ་ གསལ་སྟོན་འབད་བའི་བསྒང་།

དབང་དྲག་གིས་ ལོ་༢༢ ཀྱི་རིང་ དམག་མི་སྦེ་ ཕྱག་ཞུ་བའི་ཤུལ་ལས་ དགེ་འདུ་ལུ་ འབྲུག་གི་དངུལ་ཁང་ནང་ ལོ་༡༢ ཕྱག་ཞུ་ཡོདཔ་ད་ སྤྱི་ལོ་༢༠༡༡ ལུ་ དགོངས་ཞུ་འབད་བའི་སྐབས་ཐོབ་མི་ ཁེ་ཕན་དང་ འོང་འབབ་གཞན་ཚུ་གིས་སྦེ་ ས་ཉོ་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སོ་ནམ་ལས་བརྟེན་པའི་ ཚོང་འབྲེལ་དེ་ ཁོ་རའི་ཨ་ལོ་ཚུ་ དཔེ་ཆ་ལྷབ་ནི་ མཇུག་བསྡུ་ཞིནམ་ལས་རྐྱངམ་གཅིག་ འགོ་བཙུགས་ཅི་ཟེར་ཨིནམ་ད་ ཁོ་ར་ སོ་ནམ་གྱི་ལཱ་ལུ་ ཧེ་མ་ལས་ སྤྲོ་བ་ཡོད་རུང་ ལོ་ན་རྒས་མི་ལུ་བརྟེན་ ལཱ་ཁག་རྐྱབ་མས་ཟེར་ བཤདཔ་ཨིན་པས།
ཁོ་གིས་ ཨེ་མ་དང་ གེ་ཟ་ཡང་ འཛུགས་སྐྱོང་འབད་དོ་ཡོདཔ་ད་ དུས་ཅི་ དབང་དྲག་གིས་ ཀེ་བ་ཀེ་ཇི་༥༠ རེ་འབད་མི་ ཕད་ཙེ་༨ བཙོང་ཡོདཔ་ཨིན་པས།
ཁོ་གི་བཟའ་ཚང་ལུ་ གདོང་ལེན་ཟེར་རུང་ ལོ་ཐོག་གེ་ཟ་ཚུ་ སྤྱ་ཚུ་ལས་ བསྲུང་ནི་དེ་ཨིན་རུང་ ཁོ་གིས་ ཞིང་བསྲུང་ནིའི་དོན་ལུ་ རོ་ཁྱི་༣ གསོ་སྟེ་ཡོདཔ་ད་ ཁོ་གིས་འབདབ་ཅིན་ རོ་ཁྱི་ཚུ་ ཞིང་གི་མཐའམ་བདའ་ བཏང་བཞག་མི་དེ་གིས་ སྤྱ་མང་ཤོས་ཅིག་ བདའ་བཏང་ཚུགས་པས་ཟེར་ཨིན་པས།
དབང་དྲག་གིས་ གུ་ལི་ཤིང་༢༠ དང་ ངང་ལག་ ཨེ་པཱལ་ཤིང་ ཁམ་ཤིང་ གུན་ཆ་ལ་སོགས་པའི་ དངུལ་ཐོག་མང་རབས་ཅིག་ བཙུགས་ཏེ་ཡོདཔ་ཨིན་པས།
དབང་དྲག་དང་ བཟའ་ཚང་ཚུ་གིས་ སོ་ནམ་གྱི་ ལཱ་རྐྱངམ་གཅིག་མེན་པར་ སྒོ་ནོར་གསོ་སྐྱོང་ཡང་ འཐབ་དོ་ཡོདཔ་ད་ ཁོ་གིས་ གསོ་སྐྱོང་འཐབ་མི་ བྱ་ཊར་ཀི་༨ ལུ་ ཡར་སེང་སོང་སྟེ་ཡོད་པའི་ཁར་ ཇར་སི་བ་༨ དང་ གཞུང་ལས་ གོང་ཚད་མར་བཅགས་ཐོག་ རྩྭ་བཏོག་ནི་གི་ འཕྲུལ་ཆས་གཅིག་ཡང་ གནང་སྟེ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༣ ལུ་ ཀྲོང་གསར་སྟག་རྩེ་མཐོ་རིམ་སློབ་གྲྭ་ལས་ མཐར་འཁྱོལ་མི་ དབང་དྲག་གི་བུ་ ལེགས་སྐྱིད་དབང་ཕྱུག་དེ་ ལཱ་གཡོག་འཚོལ་ནིའི་ཚབ་ལུ་ ཁྱིམ་ནང་སྡོད་ནི་སྦེ་ ཐག་བཅད་དེ་ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཡེ་ཤེས་སྒྲོལ་མ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *