ས་གཏེར་གྱི་ལཱ་འབད་མི་ཚུ་གིས་འབད་བ་ཅིན་ དངུལ་ཀྲམ་ས་ཡ་༢༠༠ དེ་ཅིག་གི་རྩིས་གནས་པའི་ མཐུན་འབྲེལ་གན་རྒྱ་ལུ་བརྟེན་ དངུལ་ཁང་ཚུ་ལུ་ ཁེ་ཕན་བྱུང་དོ་ཟེར་ཨིན་པས།
༉ ས་གཏེར་ལས་སྡེའི་ འཐུས་མི་ཚུ་གིས་ སླབ་མིའི་ནང་ མཐའ་འཁོར་གནས་སྟངས་ ཉམས་སྲུང་དོན་ལུ་ དངུལ་ཀྲམ་ས་ཡ་༢༠༠ དེ་ཅིག་ སྐྱེད་སྤྲོད་མ་དགོ་པར་ དངུལ་ཁང་ཚུ་ནང་ གསོག་འཇོག་འབད་བཞག་མི་གིས་ དངུལ་ཁང་ལུ་རྐྱངམ་གཅིག་ ཁེ་ཕན་བྱུངམ་མས་ཟེར་ཨིན་པས།
གནད་དོན་དེ་ཡང་ སྤྱི་ཟླ་༦ པའི་ཚེས་༡༩ ལུ་ ཐིམ་ཕུག་ལུ་སྦེ་ ས་གཏེར་གོང་འཕེལ་དང་ བཟོ་གྲྭ་འཕྲུལ་ཁང་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱི་ དྲུང་ཆེན་ཡིག་ཚང་ ས་ཁམས་རིག་པ་དང་ ས་གཏེར་ལས་ཁུངས་ དེ་ལས་ ལས་གཡོག་ལྷན་ཁག་ཚུ་གི་བར་ན་ ཞལ་འཛོམས་འཚོགས་པའི་སྐབས་ ཤེས་རྟོགས་བྱུང་ནུག།
ས་གཏེར་དང་ གཏེར་ཁ་འཛིན་སྐྱོང་བཅའ་ཡིག་༢༠༠༢ ཅན་མ་དང་འཁྲིལཝ་ད་ གླ་ཁར་ལེན་མི་གིས་ མཐའ་འཁོར་གནས་སྟངས་ལུ་ གནོད་སྐྱོན་རྐྱབ་ནི་ལས་ བཀག་འཛིན་འབད་ཐབས་ལུ་ གཞུང་ལུ་ འཐུས་སྤྲོད་དགོཔ་སྦེ་ བཀོད་དེ་ཡོདཔ་ཨིན་པས།
རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་ཀྱི་ རང་བཞིན་གནས་སྟངས་ བརྟག་དཔྱད་དང་ འབྲེལ་མཐུན་ལས་སྡེའི་ འགོ་འཛིན་ངོ་ཚབ་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ རང་བཞིན་གནས་སྟངས་ ཉམས་གསོའི་འཐུས་དེ་ རིན་བསྡུར་འབད་མི་ ས་གཏེར་མ་བརྩིས་བར་ དངུལ་ཀྲམ་ས་ཡ་༢༠༠ ལྷགཔ་ཅིག་ གསོག་འཇོག་འབད་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གནད་དོན་དེ་ སྤྱི་ལོ་༢༠༠༤ དང་༢༠༠༥ ལས་འགོ་བཙུགས་ ཐོན་ཡོད་རུང་ ས་གཏེར་བཏོན་མི་ཚུ་གིས་ སྤྱི་ལོ་༢༠༡༥ ལས་མ་གཏོགས་ དམ་དམ་སྦེ་ ངོས་ལེན་བསྟར་སྤྱོད་མ་འབད་ཟེར་ཨིན་པས།
ས་གཏེར་ལས་ཁང་གི་ འཐུས་མི་མང་ཤོས་ཅིག་གིས་ སླབ་མིའི་ནང་ བཅའ་ཡིག་དང་འཁྲིལཝ་ད་ ཉམས་གསོའི་འཐུས་དེ་ སྐྱེད་ཐོབ་པའི་གསོག་འཇོག་ནང་ བཙུགས་དགོཔ་སྦེ་ ཡོད་ཟེར་ཨིན་པས།
ལས་སྡེའི་འཐུས་མི་ ལས་འཕྲོ་གིས་ སླབ་མིའི་ནང་ མ་གཞི་ སྐྱེད་དེ་ ལས་སྡེ་ཚུ་གིས་ར་ ཐོབ་དགོཔ་སྦེ་མེད་རུང་ དེ་ཚུ་ རང་བཞིན་གནས་སྟངས་ཉམས་གསོ་དང་འབྲེལ་ མི་སྡེ་ལུ་ཡང་ བྱིན་བཏུབ་ཟེར་ཨིན་པས།
ས་གཏེར་དང་གཏེར་ཁ་ལས་ཁུངས་ཀྱི་ གཏེར་རྫས་བཟོ་རིག་འགོ་འཛིན་ བེ་ནེཤི་ པཱར་དཱན་གྱིས་ སླབ་མིའི་ནང་ ལས་སྡེ་ཚུ་གིས་ སྐྱེད་མི་ཐོབ་ནི་ཨིན་མི་དེ་ཡང་ གན་རྒྱ་དེ་ མཐུན་འབྲེལ་གྱི་གྲངས་སུ་སྦེ་ ཚུད་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ འབྲུག་གི་དངུལ་འབྲེལ་བཅའ་ཁྲིམས་༢༠༠༧ ཅན་མ་དང་འཁྲིལཝ་ད་ མཐུན་འབྲེལ་གན་རྒྱ་དེ་གིས་བསྐྱེད་མི་ཐོབ་ཟེར་ འཁོད་དེ་ཡོད་ཟེར་ཨིན་པས།
རང་བཞིན་གནས་སྟངས་ ཉམས་གསོའི་མཐུན་འབྲེལ་གན་རྒྱ་དང་འབྲེལ་ ཞལ་འཛོམས་ནང་ ས་གཏེར་གླར་སྤྱོད་བསྐྱར་གསོ་ དུས་ཐོག་འབད་ནི་དང་ བསྒྱུར་བཅོས་ཀྱི་དོན་ལུ་ གྲོས་འཆར་ཚུ་ལུ་ ལས་ཁུངས་ཀྱིས་ གནང་བ་མ་གནང་པའི་ཧེ་མ་ལས་ ལཱ་འབད་དགོཔ་ལ་སོགས་པའི་ གནད་དོན་གཞན་ཚུ་གི་སྐོར་ལས་ གསུང་གྲོས་བྱུང་ནུག།
བི་ནེཤི་པར་དཱན་གྱིས་ སླབ་མིའི་ནང་ ས་གཏེར་གོང་འཕེལ་སྲིད་བྱུས་དེ་ ན་ཧིང་ སྤྱི་ཟླ་༥ པའི་ནང་ ཆ་འཇོག་འབད་ཡོདཔ་ད་ དེ་ནང་ དོན་ཚན་གསརཔ་ གཏེར་རྫས་ཀྱི་དབྱེ་རིམ་དང་ མི་སྡེ་གོང་འཕེལ་མ་དངུལ་གྱི་སྐོར་ལས་ ཚུད་དེ་ཡོད་ཟེར་ཨིན་པས།
ད་རེས་ནངས་པར་ འབྲུག་ལུ་ ས་གཏེར་ཁག་༡༢ མཚམས་འཇོག་འབད་བའི་ཁར་ ལག་ལེན་འཐབ་བཞིན་ཡོད་མི་༧༢ ཉམས་གསོ་འབད་བའི་བསྒང་ཡོད་མི་༡༣ དང་༦ ད་ལྟོ་ བསྐྱར་གསོ་འབད་བའི་བསྒང་ཡོདཔ་ད་ ས་གཏེར་དང་འབྲེལ་བའི་ལས་སྣ་ཚུ་གིས་ ས་ཆ་ཨེ་ཀར་༣,༧༡༦ ཁྱབ་སྟེ་ ཡོདཔ་ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།