མཐའ་འཁོར་གནས་སྟངས་ཀྱི་ རྩོད་དོན་ཚུ་ནང་ ཁྲིམས་ཀྱི་ངོས་ལེན་གྱིས་ ཁྱད་པར་བཟོ་ཚུགས་ནི།

༉ མཐའ་འཁོར་གནས་སྟངས་ཀྱི་ རྩོད་བཤེར་དེ་ ཁྲིམས་ཀྱི་འདུན་སར་ རྩོད་གཞི་གཞན་དང་ དབྱེ་བ་མེདཔ་སྦེ་ སྙན་གསན་འབད་དོ་ཡོད་རུང་ མངོན་རྟོགས་མེད་པའི་ མ་འོངས་པའི་སྐོར་ལས་ མངོན་ཤེས་བཤད་ནི་དང་ ཉེན་ཁ་དབྱེ་དཔྱད་འབད་ནི་ དེ་ལས་ ཉེན་ཁ་འཛིན་སྐྱོང་འབད་དེ་ ཁྱད་རིག་ཅན་གྱི་ གྲོས་ཆོད་བྱིན་དགོཔ་ལས་ རྩོད་གཞི་གཞན་དང་ མི་འདྲ་ཟེར་ ནིའུ་ཛི་ལེནཌ་གི་ མཐའ་འཁོར་གནས་སྟངས་ལྷན་འཛིན་བགྲེསཔ་ མ་རི་ཡཱན་ ཨོ་ལི་བར་གྱིས་ བཤདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༧ པའི་ཚེས་༢༠ ལུ་ ཁྲིམས་སྡེ་གིས་ མཐའ་འཁོར་གནས་སྟངས་དང་འབྲེལ་བའི་ རྩོད་བཤེར་འབད་ནིའི་ གོ་བསྡུར་ཞལ་འཛོམས་མཇུག་བསྡུའི་ཉིནམ་ལུ་ གསལ་བཤད་འབད་ཡི།
མོ་གིས་འབད་བ་ཅིན་ ཁྲིམས་འདུན་གྱིས་ མཐའ་འཁོར་གནས་སྟངས་དང་འབྲེལ་བའི་ ཁུངས་ལྡན་འཁྲུན་ཆོད་གནང་ནི་ལུ་ དང་པ་ར་ བདེན་གཏམ་འཚོལ་ནི་དང་ ཉེན་ཁ་དེ་ཚུ་ ག་དེ་སྦེ་ འོང་སྲིད་ནི་མས་ག་ མངོན་བཤད་འབད་ནི་ དེ་ལས་ འབྲེལ་ཡོད་ཁྲིམས་ ཚུལ་བཞིན་ལག་ལེན་འཐབ་ཐོག་ལས་ འབྲེལ་གཏོགས་ཅན་གྱི་ རྩ་ཕན་ཚུ་ལུ་ བསམ་པ་རྫོགས་པའི་ འཁྲུན་ཆོད་བྱིན་ནི་དེ་ཨིན་ཟེར་ཨིན་པས།
འཛམ་གླིང་རྒྱལ་ཁབ་གཞན་ཚུ་ནང་ ལག་ལེན་འཐབ་བཞིན་ཡོད་པའི་ མཐའ་འཁོར་གནས་སྟངས་ཀྱི་ རྩོད་རྙོགས་སེལ་ཐངས་ཀྱི་ ལམ་ལུགས་དང་ འབྲུག་གི་ཁྲིམས་སྡེའི་ནང་ སྔོ་ལྗངས་ཁྲིམས་ཁྲིའི་ དཔེ་དེབ་ཟིན་བྲིས་འབད་དེ་ཡོད་མིའི་སྐོར་ལས་ གྲོས་བསྡུར་རྒྱས་པར་འབད་ཡི།
གོ་བསྡུར་ཞལ་འཛོམས་དེ་ནང་ འཛམ་གླིང་རྒྱལ་ཁབ་གཞན་ཚུ་ནང་ ལག་ལེན་འཐབ་བཞིན་ཡོད་པའི་ ནང་འཁོད་རྩོད་རྙོགས་བསལ་སྒྲིག་ཚོགས་པ་དང་ ཁྲིམས་ཞིབ་ཚོགས་པ་ཚུ་ གཞི་བཙུགས་འབད་ཐངས་དང་ དེ་ཚུ་གི་འགན་ཁུར་དང་ ཁེ་ཕན་ཚུ་གི་སྐོར་ལས་ གོ་བརྡ་སྤྲོད་ཅི།
དེ་བཟུམ་སྦེ་ རང་བཞིན་གནས་སྟངས་ཀྱི་ རྩོད་གཞི་ཚུ་ ཁྲིམས་འདུན་ལུ་ལྷོདཔ་ད་ དྲང་དཔོན་གྱིས་ འཛིན་སྐྱོང་འབད་ཐངས་དང་ རྩོད་དོན་དང་བསྟུན་པའི་ མཁས་མཆོག་འཚོལ་ནི་དང་ འཛིན་སྐྱོང་འབད་ཐངས་ ཁྱད་རིག་གོང་འཕེལ་དང་ འཕྲོ་མཐུད་དེ་ གོང་འཕེལ་གཏང་ཐབས་ཚུ་གི་སྐོར་ལས་ གྲོས་བསྡུར་ཚུ་འབད་ཡི།
ཧཱ་གི་དྲང་དཔོན་ བྱང་ཆུབ་ནོར་བུ་གིས་ སྔོ་ལྗངས་ཁྲིམས་ཁྲིའི་ དཔེ་དེབ་ཀྱི་ ལམ་ལུགས་དང་འཁྲིལཝ་ད་ ལག་ལེན་གྱི་དབང་ཆ་དེ་ ཆེ་མཐོ་ཁྲིམས་འདུན་ལུ་རྐྱངམ་གཅིག་ཡོད་ནི་དེ་གིས་ རང་བཞིན་གནས་སྟངས་ཀྱི་ རྩོད་དོན་ཚུ་ རྫོང་ཁག་དང་ དྲུང་ཁག་ཁྲིམས་འདུན་ཚུ་ལུ་ བྱུང་པ་ཅིན་ ག་དེ་སྦེ་ ངོས་ལེན་འབད་ནི་ཨིན་ན་ཟེར་ དྲི་བཀོད་འབད་ཡི།
དེ་བཟུམ་སྦེ་ སྡེ་ཚན་ཅིག་གི་ འགོ་འདྲེན་པ་ གསར་སྤང་གི་དྲང་དཔོན་ དཔལ་ལྡན་དབང་མོ་གིས་ རང་གཞིན་གནས་སྟངས་ཀྱི་ མིང་ཚིག་དང་ དྲུང་ཁག་དང་ རྫོང་ཁག་ཁྲིམས་འདུན་གྱི་ འགན་ཁུར་ཚུ་ གསལ་ཏོག་ཏོ་སྦེ་ བཀོད་དགོཔ་འདུག་ཟེར་ཨིན་པས།
པདྨ་དགའ་ཚལ་གྱི་དྲང་དཔོན་ མཐར་ཕྱིན་གྱིས་ དཔེ་དེབ་དེ་ ལོག་བསྐྱར་ཞིབ་འབད་དགོཔ་ཡོད་པའི་ཁར་ མཁས་མཆོག་ཚུ་ འབྲེལ་གཏོགས་འབད་བཅུག་དགོཔ་ ཁག་ཆེ་ཏོག་ཏོ་མཐོངམ་མས་ཟེར་ བཤད་ཅི།
ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་སྤྱི་ལས་ཚབ་ སངས་རྒྱས་མཁའ་འགྲོ་གིས་ ས་ཁྱོན་དབང་ཁྱབ་ཀྱི་ཐད་ལུ་ རང་བཞིན་གནས་སྟངས་དང་འབྲེལ་བའི་ རྩོད་དོན་དེ་ གསརཔ་ཅིག་མེནམ་ལས་ ས་གནས་ཀྱི་ ཁྲིམས་འདུན་དང་ ཡང་ཅིན་ ཆེ་མཐོ་ཁྲིམས་འདུན་ལུ་ བཙུགས་ནི་གི་ གདམ་ཁ་ཡོད་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དྲུང་ཁག་གི་དྲང་དཔོན་ འཇིགས་མེད་ནོར་བུ་གིས་ ལུང་ཕྱོགས་ཚུ་ནང་ རྩོད་དོན་ཚུ་ ག་དེ་སྦེ་ བསལ་ཐབས་འབད་ནི་ཨིན་ན་ དྲང་དཔོན་དག་པ་ཅིག་ཡོད་མི་ ཚོགས་ཆུང་གཞི་བཙུགས་འབད་དགོཔ་དང་ དྲང་དཔོན་ཚུ་ལུ་ རང་བཞིན་གནས་སྟངས་དང་འབྲེལ་བའི་ སྦྱོང་བརྡར་བྱིན་ཏེ་ མཁས་མཆོག་བཟོ་ནི་ རང་བཞིན་གནས་སྟངས་ཀྱི་ རྩོད་དོན་ཚུ་ བརྗོད་ཚིག་གསལ་ཏོག་ཏོ་ དགོཔ་འདུག་ཟེར་ བཤད་ཅི།
བསམ་ལན་བསྡུ་ལེན་འབད་མི་ཚུ་ དཔེ་དེབ་ཟིན་བྲིས་ཚོགས་ཆུང་ལུ་ སྤྲོད་ནི་སྦེ་ ཐག་བཅད་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *