ཊི་སི་སིའི་ རྩེད་འགྲན་པ་ཚུ་གིས་ བྱེལཝ་ཟུག་མི་ལུ་བརྟེན་ འགོ་འདྲེན་པ་དང་ ཚོགས་ཆུང་གི་འཐུས་མི་ དེ་ལས་ ཁྲིམས་སྲུང་འགག་པ་གིས་ བར་འཛུལ་འབད་བའི་མཐོང་སྣང་།

མཐའ་བཅད་ཆུང་བའི་རྩེད་འགྲན་ རྩོད་རྙོགས་ཀྱི་ཐོག་ལས་ མཇུག་བསྡུ་ཡོདཔ།

༉ སྤྱི་ཟླ་༦ པའི་ཚེས་༢༦ ལུ་ བསམ་གྲུབ་ལྗོངས་མཁར་ལུ་ ལས་ཁུངས་ཁག་གི་ ཕུཌ་བཱོལ་རྩེད་འགྲན་འབད་བའི་སྐབས་ སྡེ་ཚན་༢ ཆ་ར་གིས་ གཱོལ་འདྲན་འདྲ་བཙུགས་ཡོད་རུང་ ཚོགས་ཆུང་གིས་ ཁྲོམ་སྡེ་ཨེཕ་སི་སྡེ་ཚན་གྱིས་ མཐའ་བཅད་ཆུང་བའི་༼quarter final) རྩེད་འགྲན་ལས་ རྒྱལ་ཁ་ཐོབ་ཡོད་པའི་ གསལ་བསྒྲགས་འབད་ཡི། 

དེ་ཡང་ རྩེད་དཔང་དང་ རྩེད་ཐང་གི་ཟུར་ཁ་ལས་ ཐིག་བདའ་སྟེ་ ལྟ་རྟོག་འབད་མི་ ལ་ཡེནསི་མེན་གྱིས་ བྱང་ཕྱད་སྡེ་ཚན་གྱི་ རྩེད་འགྲན་པ་ཚུ་ པེ་ནཱལ་ཊི་ས་ཁོངས་ཀྱི་ ནང་ན་སྡོད་སར་ མཐོང་མི་ལུ་བརྟེན་ ཁྲོམ་སྡེ་ཨེཕ་སི་སྡེ་ཚན་ལུ་ ལོག་སྟེ་ར་ པེ་ནཱལ་ཊི་རྐྱབ་བཅུག་པའི་སྐབས་ སེམས་དང་མ་ལྡནམ་ལས་ དུས་ཚོད་ཁ་སྐོང་ནང་ རྩེད་འགྲན་འབད་མ་བཏུབ་མི་ལུ་བརྟེན་ཨིནམ་ད་ མཐའ་བཅད་ཆུང་བའི་ རྩེད་འགྲན་དེ་ ཊི་སི་སི་དང་ ཁྲོམ་སྡེ་ཨེཕ་སི་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ཡི།

སྡེ་ཚན་༢ ཆ་ར་ སྒྲིང་སྒྲི་སྡོདཔ་ལས་ དོ་འགྲན་འདྲན་འདྲ་འབད་ཡོད་རུང་ ཊི་སི་སི་སྡེ་ཚན་གྱིས་ གཱོལ་༢ དང་ ཁྲོམ་སྡེ་ཨེཕ་སི་གིས་ གཱོལ་༡ བཙུགས་ཡོདཔ་བཞིན་དུ་ རྩེད་འགྲན་དེ་ མཇུག་མ་བསྡུཝ་ཅིག་ཁར་ ཊི་སི་སི་སྡེ་ཚན་གྱི་ རྩེད་འགྲན་པའི་ འཛོལ་བ་ལུ་བརྟེན་ ཁྲོམ་སྡེ་ཨེཕ་སི་གིས་ པེ་ནཱལ་ཊི་ཐོབ་ཅི།

ཁྲོམ་སྡེ་ཨེཕ་སི་གིས་ གཱོལ་༢ འདྲན་འདྲ་བཙུགས་ནིའི་ གོ་སྐབས་ཨིནམ་ལས་ པེ་ནཱལ་ཊི་རྐྱབ་པའི་སྐབས་ གཱོལ་བཙུགས་མ་ཚུགས་རུང་ རྩེད་ཐང་གི་ཐིག་བདའ་སྟེ་ ལྟ་རྟོག་འབད་མི་གིས་ གཱོལ་བཟུང་མིའི་ ཉེ་འདབས་ལས་ པེ་ནཱལ་ཊི་རྐྱབ་པའི་སྐབས་ ཊི་སི་སི་སྡེ་ཚན་གྱི་ རྩེད་འགྲན་པ་ཚུ་ པེ་ནཱལ་ཊི་ས་ཁོངས་ཀྱི་ ནང་ན་སྡོད་སར་ མཐོང་མི་ལུ་བརྟེན་ རྩེད་དཔང་གིས་ ལོག་སྟེ་ར་ ཁྲོམ་སྡེ་ཨེཕ་སི་ལུ་ པེ་ནཱལ་ཊི་རྐྱབ་ནིའི་ གོ་སྐབས་བྱིན་ཡི།

ཁྲོམ་སྡེ་ཨེཕ་སི་གིས་ པེ་ནཱལ་ཊི་ཐེངས་༢ པ་རྐྱབ་པའི་སྐབས་ གཱོལ་བཙུགས་དཔ་ལས་ སྡེ་ཚན་༢ ཆ་ར་གིས་ གཱོལ་༢ འདྲན་འདྲ་བཙུགས་ཡོདཔ་བཞིན་དུ་ དུས་ཡུན་སྐར་མ་དག་པ་ཅིག་གི་ཤུལ་ལས་ རྩེད་འགྲན་དེ་ མཇུག་བསྡུ་ཡོད་རུང་ ཊི་སི་སི་སྡེ་ཚན་དེ་ ལོག་པེ་ནཱལ་ཊི་རྐྱབ་བཅུག་མི་ལུ་ སེམས་དང་མ་ལྡནམ་ཨིན་པས།

རྩེད་འགྲན་དེ་ སྤྲོ་བ་ཆེ་ཏོག་ཏོ་བྱུང་ནི་དེ་གིས་ ལྟདམོ་བལྟ་མི་ཚུ་ དུས་ཚོད་ཁ་སྐོང་གི་ རྩེད་འགྲན་ལུ་ བསྒུགས་སྡོད་ཡོད་རུང་ རྩེད་འགྲན་མཇུག་བསྡུཝ་ཅིག་ ཊི་སི་སི་སྡེ་ཚན་གྱི་ རྩེད་འགྲན་པ་ཚུ་གིས་ རྩེད་ཐང་གི་ ཐིག་བདའ་སྟེ་ ལྟ་རྟོག་འབད་མི་ ལ་ཡེནསི་མེན་འབད་སར་ སོང་ཞིནམ་ལས་ ཧད་བཏགས་འཚོལ་མི་ལུ་བརྟེན་ འགོ་འདྲེན་པ་དང་ ཚོགས་ཆུང་གི་ འཐུས་མི་ཚུ་གིས་ བར་འཛུལ་ཐོག་ བཀག་ཆ་འབད་དགོཔ་ཐོན་ཡི།

ཨིན་རུང་ གནད་དོན་དེ་ དུམ་གྲ་ཅིག་ ཤུགས་ཆེ་སུ་ཅིག་ལུ་ གྱུར་ནི་དེ་གིས་ བར་བཀག་འབད་བར་ ཁྲིམས་སྲུང་འགག་པ་ རྩེད་ཐང་ནང་འགྱོ་དགོཔ་ ཐོན་ཡོདཔ་ད་ དུས་ཡུན་སྐར་མ་དག་པ་ཅིག་གི་ཤུལ་ལས་ ཊི་སི་སི་སྡེ་ཚན་གྱིས་ དུས་ཚོད་ཁ་སྐོང་གི་ རྩེད་འགྲན་འབད་མ་བཏུབ་ལས་ ཁྲོམ་སྡེ་ཨེཕ་སི་དེ་ ཉིནམ་དེ་གི་ རྩེད་འགྲན་ལས་ རྒྱལ་ཁ་ཐོབ་ཡོད་པའི་ གསལ་བསྒྲགས་འབད་ཡི།

ཊི་སི་སི་སྡེ་ཚན་གྱི་ རྩེད་འགྲན་པ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཐིག་བདའ་སྟེ་ ལྟ་རྟོག་འབད་མི་དེ་ ཁྲོམ་སྡེ་དང་གཅིག་ཁར་ ལཱ་འབད་དོ་ཡོདཔ་ལས་ རྩེད་དཔང་གིས་ གྲོས་ཐག་བཅད་མི་དེ་ དྲང་བདེན་མེདཔ་བཞིན་དུ་ ཁོང་གིས་ དུས་ཚོད་ཁ་སྐོང་ནང་ རྩེད་འགྲན་མི་འབད་ཟེར་ མ་སླབ་ཟེར་ཨིན་པས།

རྩེད་འགྲན་པ་ཚུ་གིས་འབད་བ་ཅིན་ དུས་ཚོད་ཁ་སྐོང་གི་ རྩེད་འགྲན་འགོ་མ་བཙུགས་པའི་ཧེ་མར་ དུས་ཚོད་དུམ་གྲ་ཅིག་ འཐོབ་དགོ་ཟེར་ཨིནམ་ད་ ཁོང་གིས་ ཡིག་ཆ་ཚུ་ མིང་རྟགས་ག་ནི་ཡང་ མ་བཀོདཔ་ལས་ འགོ་དཔོན་ཚུ་གིས་ བྱང་ཕྱད་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ་སྦེ་ ག་དེ་སྦེ་ གསལ་བསྒྲགས་འབད་ཚུགས་ནི་ཟེར་ཨིན་པས།

རྩེད་འགྲན་འགོ་འདྲེན་པ་གིས་ སླབ་མིའི་ནང་ ལྟ་རྟོག་པ་གིས་ ཊི་སི་སི་སྡེ་ཚན་གྱི་ རྩེད་འགྲན་པ་ཚུ་ པེ་ནཱལ་ཊི་ས་ཁོངས་ཀྱི་ ནང་ན་མཐོང་མི་ལུ་བརྟེན་ རྩེད་དཔང་གིས་ ཁྲོམ་སྡེ་ཨེཕ་སི་ལུ་ ལོག་སྟེ་ར་ པེ་ནཱལ་ཊི་རྐྱབ་ནིའི་ གོ་སྐབས་བྱིན་ཡོད་མི་དེ་ འཛོལ་བ་མེན་ཟེར་ཨིན་པས།

ཁོང་གིས་འབད་བ་ཅིན་ ཚོགས་ཆུང་གི་ འཐུས་མི་ཚུ་གིས་ ཊི་སི་སི་སྡེ་ཚན་གྱི་ འགོ་འདྲེན་པ་དང་ འཛིན་སྐྱོང་པ་ལུ་ གྲོས་བསྟུན་འབད་ནིའི་དོན་ལུ་ ག་དེམ་ཅིག་འབོ་རུང་ འོང་མ་བཏུབ་མ་ཚད་ རྩེད་འགྲན་པ་ཚུ་གིས་ཡང་ ལྷམ་ཚུ་ཕུད་ཞིནམ་ལས་ རྩེད་ཐང་གི་ཕྱི་ཁར་ འགྱོ་དེས་ཟེར་ཨིན་པས།

ཊི་སི་སི་སྡེ་ཚན་གྱིས་ ཡིག་ཆ་ཚུ་གུ་ མིང་རྟགས་མ་བཀོད་མི་དེ་ བདེན་ཟེར་ཨིན་རུང་ འགྲན་བསྡུར་དེ་ འོང་འབབ་བཟོ་ནིའི་དོན་ལུ་མེན་པར་ ཕུཌ་བཱོལ་དེ་ གོང་འཕེལ་གཏང་ཐབས་ལུ་ཨིནམ་ལས་ འགྲན་བསྡུར་གྱི་ ལག་ལེན་ཁ་ཚིག་ལམ་ལུགས་དང་འཁྲིལ་ ཚོགས་ཆུང་གིས་ ཐག་བཅད་དགོཔ་ ཐོན་ཡི་ཟེར་ འགོ་འདྲེན་པ་གིས་ བཤདཔ་ཨིན་པས།

འགྲན་བསྡུར་ནང་ བསམ་གྲུབ་ལྗོངས་མཁར་དང་ བསམ་གྲུབ་ཆོས་གླིང་ཚུ་ལས་ སྡེ་ཚན་༡༤ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ སྡེ་ཚན་རེ་གིས་ འཛུལ་འཐུས་དངུལ་ཀྲམ་༢༠,༠༠༠ རེ་ སྤྲོད་ཡོདཔ་ད་ ཨང་དང་པ་འཐོན་མི་གིས་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༧༠,༠༠༠ དང་ ཨང་༢ པའི་གསོལ་རས་ དངུལ་ཀྲམ་༥༠,༠༠༠ ཡོདཔ་ཨིན་པས།

མཐའ་བཅད་འོག་མའི་ རྩེད་འགྲན་དང་པ་དེ་ ད་རིས་ བསམ་པོལ་ཨེཕ་སི་དང་ ཁྲོམ་སྡེ་ཨེཕ་སི་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིནམ་ད་ ནངས་པར་ བསམ་གྲུབ་ཆོས་གླིང་ལས་ ཇེ་དྲབ་ལུ་སི་སྡེ་ཚན་དང་ བི་ཟི་ནེསི་ཨེཕ་སི་ཀྱི་བར་ན་ མཐའ་བཅད་འོག་མ་༢ པའི་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

ཕྱི་རྒྱལ་མདའ་གཞུའི་ མདའ་རྩེད་བཀག་ཆ་འབད་མི་གིས་ ཟ་ཁང་ལུ་ ཐོ་ཕོག་ཡོདཔ།

༉ ཐིམ་ཕུག་ལྕང་གླིང་མི་ཐང་གི་ འབའ་སྐྱོར་ཐང་ནང་ ཨ་རྟག་བཟུམ་སྦེ་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་ནི་ བཀག་ཆ་འབད་བའི་ཤུལ་ལས་ ས་ཁོངས་ནང་ བཟའ་འཐུང་གི་རིགས་བཙོང་སྡོད་མི་ གནས་སྦྲེལ་ཟ་ཁང་གི་ ཇོ་བདག་ལུ་ གནོད་སྐྱོན་སྦོམ་རྐྱབ་སྟེ་ཡོདཔ་ཨིན་པས། དེ་ཡང་ དུས་ཅི་ སྤྱི་ཟླ་༡ …

Leave a Reply

Your email address will not be published. Required fields are marked *