༉ སྤྱི་ཟླ་༡༠ པའི་ཚེས་༤ ལུ་ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ བློ་གྲོས་ཚེ་རིང་གིས་ བུམ་ཐང་དབང་འདུས་ཆོས་གླིང་ལུ་ སྐུལ་བསྒྲགས་འབད་བའི་སྐབས་ ཆོས་འཁོར་-སྟང་འདེམས་ཁོངས་ཀྱི་ མི་སེར་ཚུ་གིས་ སྤྱི་ཟླ་༡༠ པའི་ཚེས་༡༨ ལུ་ མཉམ་རུབ་ཚོགས་པའི་འདེམས་ངོ་ ཟླ་བ་དེ་ གདམ་འཐུ་འབད་བ་ཅིན་ ཁོ་ བློན་པོ་འབད་ནིའི་ གོ་སྐབས་ཡོད་ཟེར་སླབ་ནུག།
དེ་ཡང་ ཚོགས་རྒྱན་བཙུགས་མི་ཅིག་གིས་ དྲི་བ་ཞུ་བའི་ལན་ལུ་ གཙོ་འཛིན་གྱིས་ བཤད་ཡོདཔ་ད་ ཁོ་གིས་ བློན་པོའི་གོ་གནས་ལུ་ མེས་མེད་བསྐྱུར་ཏེ་ སླབ་མེན་པར་ འདེམས་ངོ་ལུ་ བློན་པོ་འབད་ནིའི་ ལྕོགས་གྲུབ་ཡོད་མི་ལུ་བརྟེན་ སླབ་ཨིན་ཟེར་བཤད་པའི་ཁར་ ཟླ་བ་དེ་ གོ་གནས་དེའི་དོན་ལུ་ འོས་འབབ་མེད་པ་ཅིན་ ཚོགས་པ་གཞན་གྱི་ གཙོ་འཛིན་གྱི་ དོ་འགྲན་པ་སྦེ་ ངོས་ལེན་མ་འབདཝ་འོང་ཟེར་ བཤད་ནུག།
ཁོ་གིས་འབད་བ་ཅིན་ མི་སེར་ཚུ་གིས་ འདེམས་ངོ་ལུ་ རྒྱབ་སྐྱོར་གནང་པ་ཅིན་ མི་སེར་ཚུ་གི་ གདམ་ཁ་ལུ་ གུས་ཞབས་ཐོག་ལྷན་རྒྱས་གཞུང་ཚོགས་ཀྱི་ གོ་གནས་ལུ་ བསྐོ་བཞག་འབད་འོང་ཟེར་ཨིན་པས།
ང་གིས་ དུས་རྒྱུན་དུ་ སླབ་དོ་བཟུམ་ ཁྱེད་ཀྱིས་ ཨ་རྟག་ར་ཟ་མིའི་ བཞེས་སྒོའི་བྲོཝ་དེ་ ག་དེ་སྦེ་ཡོདཔ་ཨིན་ན་དང་ ཡང་ཅིན་ ལྡོག་ཕྱོགས་འགོ་ཁྲིདཔ་སྐོར་ལས་ ལེགས་ཤོམ་སྦེ་ ཤེས་དོ་ཡོདཔ་ཨིན་རུང་ མི་སེར་ཚུ་གིས་ ཟླ་བ་གདམ་འཐུ་འབད་དེ་ བྲོཝ་མ་འདྲཝ་དང་ བྲོཝ་ལེགས་ཤོམ་ཅིག་ མྱོང་བལྟ་ཟེར་ གཙོ་འཛིན་གྱིས་ ནན་སྐུལ་འབད་་ནུག།
ཆུ་སྨད་དང་ ཨུ་ར་རྒེད་འོག་༢ ཀྱི་ མི་སེར་ཚུ་ལུ་ སྐུལ་བསྒྲགས་འབད་བའི་སྐབས་ བློ་གྲོས་ཚེ་རིང་གིས་ རྒེད་འོག་༢ ཀྱི་དོན་ལུ་ ཚོགས་པའི་འདེམས་ངོ་ སྐྱེས་ལོ་༣༢ ལང་མི་ ཕུན་ཚོགས་རྣམ་རྒྱལ་དེ་ སྤྲོ་འདོད་ཅན་དང་ དད་དམ་ཅན་ཅིག་ཨིནམ་ལས་ ཚོགས་པ་གིས་ འདེམས་ངོ་སྦེ་ གདམ་འཐུ་འབད་ཡི་ཟེར་ བཤད་ཡོདཔ་ཨིན་པས།
འདེམས་ངོ་གིས་ འགོ་ཐོག་བཙག་འཐུ་ནང་ ཚོགས་རྒྱན་༧༠༠ ཐོབ་སྟེ་ ཨང་༣ པ་ཐོན་ཡོདཔ་ད་ མི་སེར་དམངས་གཙོ་ཚོགས་པ་དང་ འབྲུག་ཀུན་མཉམ་ཚོགས་པའི་ རྒྱབ་སྐྱོར་པ་ཚུ་གིས་ མཉམ་རུབ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་་དོ་ཡོདཔ་ལས་ ཕུན་ཚོགས་རྣམ་རྒྱལ་ལུ་ གོ་སྐབས་ཡོད་ཟེར་ གཙོ་འཛིན་གྱིས་ བཤད་ནུག།
ཚོགས་པའི་ཁས་བླངས་ལས་ རིན་མེད་སྟོང་པའི་ ཝའི་ཕའི་དང་ གསོ་བའི་ཞབས་ཏོག་ དེ་ལས་ གཞི་རྟེན་ཤེས་ཡོན་ སློབ་རིམ་༡༢ པ་ཚུན་ ཡར་སེང་འབད་ནིའི་སྐོར་ལས་ དོགས་སེལ་འབད་དགོ་པའི་ ཞུ་བ་འབད་མི་ལུ་ གཙོ་འཛིན་གྱིས་ ནང་འཁོད་ཡོངས་འབྲེལ་ཐོག་ ཝའི་ཕའི་དེ་ སྤྱོད་བཏུབ་པའི་ཁར་ དེ་ལས་བརྟེན་ མི་ཚུ་གིས་ མི་སྡེ་བརྡ་བརྒྱུད་ཀྱི་ ཡོངས་འབྲེལ་གཞན་ཚུ་ལག་ལེན་འཐབ་བཏུབ་ཟེར་ དོགས་སེལ་འབད་ནུག།
ཨ་ལོའི་དོན་ལས་ གསོ་བའི་ཞབས་ཏོག་ནང་ མ་རྩ་བཙུགས་མི་དེ་ དངུལ་ཁང་ནང་ གསོག་འཇོག་འབད་མི་དང་ཕྱདཔ་ད་ ཁེ་ཕན་ལོག་ལྟབ་ཡོད་ཟེར་ཨིནམ་ད་ གཙོ་འཛིན་གྱིས་ སློབ་ཕྲུག་མང་ཤོས་ སློབ་རིམ་༡༠ པ་མཐར་འཁྱོལ་བའི་སྐབས་ ལཱ་འབད་ནིའི་དོན་ལུ་ རིག་རྩལ་དང་ དྲནམ་ཁུག་ཁུགཔ་མེནམ་ལས་ སློབ་རིམ་༡༢ པ་ཚུན་ འཕྲོ་མཐུད་དཔེ་བལྟ་ནིའི་ གོ་སྐབས་བྱིན་ནི་ཨིནམ་ད་ སློབ་རིམ་༡༢ པ་ མཐར་འཁྱོལ་པའི་བསྒང་ལས་ ན་གཞོན་ཚུ་ལཱ་འབད་ནིའི་ ལོ་ཚད་གུ་ལྷོདཔ་མ་ཚད་ སྒེར་གྱི་མཐོ་རིམ་སློབ་གྲྭ་ཁག་ལས་ཕར་ དཔེ་ཆ་བལྟ་ནིའི་ ཁྱད་ཆོས་ཡང་ ཚངམ་ཨིན་ཟེར་ བཤད་ཡོད་པའི་གནས་ཚུལ།
སྐད་སྒྱུར་ ཉིམ་རྡོ་རྗེ།