༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ ཌོག་ཊར་བློ་གྲོས་ཚེ་རིང་དེ་ འབྲུག་གི་བློན་ཆེན་སྦེ་ བསྐོ་བཞག་གི་ བཀའ་ཤོག་གནང་ནུག།
བཀའ་ཤོག་དེ་ཡང་ གནས་སྐབས་ཀྱི་གཞུང་ རྩ་གྲོལ་སོང་མི་དང་བསྟུན་ གནང་ཡོདཔ་ད་ འབྲུག་གི་རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་འཁྲིལ་ འབྲུག་མཉམ་རུབ་ཚོགས་པའི་ བཙག་འཐུ་ལས་གྲུབ་མི་ འཐུས་མི་ཚུ་གི་ མིང་ཐོ་དེ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོའི་གདམ་ངོ་སྦེ་ འབྲུག་རྒྱལ་པོ་མཆོག་ལུ་ ཕུལ་ཞིནམ་ལས་ བློན་པོའི་གོ་གནས་ལུ་ བསྐོ་བཞག་གནང་འོང་ཟེར་ མཉམ་རུབ་ཚོགས་པའི་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
བློན་ཆེན་དང་ བློན་པོ་ཚུ་གིས་ སྤྱི་ཟླ་༡༡ པའི་ཚེས་༧ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལས་ བདག་རྐྱེན་ཞུ་ནི་ཨིན་པས།
ཉིན་གྲངས་༡༠ གྱི་ བཙག་འཐུ་དང་འབྲེལ་བའི་ རྩོད་རྙོགས་བཀོད་ནིའི་ དུས་ཡུན་དེ་ སྤྱི་ཟླ་༡༡ པའི་ཚེས་༦ ལུ་ ཚང་ནི་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་གིས་ སྤྱིར་བཏང་བཙག་འཐུ་ནང་ འདེམས་ཁྲི་༤༧ ལས་༣༠ ཐོབ་སྟེ་ གཞུང་སྐྱོང་ནིའི་ གོ་སྐབས་ཐོབ་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།