༉ འགོ་ཐོག་བཚག་འཐུ་བཟུམ་སྦེ་ར་ འབྲུག་མཉམ་རུབ་ཚོགས་པ་གིས་ སྤྱི་ཟླ་༡༠ པའི་ཚེས་༡༨ ལུ་ སྤྱིར་བཏང་བཙག་འཐུ་ནང་ དར་དཀར་ནང་རྫོང་ཁག་གི་ འདེམས་ཁོངས་གཉིས་ཆ་ར་ལས་ འགྲན་ཟླ་དང་བྲལ་བའི་ རྒྱལ་ཁ་ཐོབ་ནུག།
དེ་ཡང་ ལྷ་མོའི་རྫིང་ཁ་-བཀྲིས་སྡིངས་འདེམས་ཁོངས་ནང་ འབྲུག་མཉམ་རུབ་ཚོགས་པའི་ ཧེ་མཱན་གུ་རུང་གིས་ ཚོགས་རྒྱན་བསྡོམས་༦,༢༥༧ ཐོབ་མི་ལས་༡,༩༢༤ འགྲེམ་ཐོག་ཚོགས་རྒྱན་ཨིནམ་ད་ ཁོ་གི་དོ་འགྲན་པ་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ པེ་རེམ་ཀུ་མར་ཁ་ཏི་ཝ་ར་གིས་ འཕྲུལ་ཆས་ཐོག་གི་ ཚོགས་རྒྱན་༡,༧༨༠ དང་ འགྲེམ་ཐོག་ཚོགས་རྒྱན་༨༠༨ རྐྱངམ་གཅིག་ཐོབ་ནུག།
འབྲུག་རྗེས་སྒང་-རྩེ་བཟང་འདེམས་ཁོངས་ལས་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ འགྱུར་མེད་དབང་ཕྱུག་གིས་ འགྲེམ་ཐོག་ཚོགས་རྒྱན་༣,༩༧༨ བརྩིས་ཏེ་ ཚོགས་རྒྱན་བསྡོམས་༦,༠༨༧ ཐོབ་ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པའི་ མིག་དམར་རྡོ་རྗེ་གིས་ ཚོགས་རྒྱན་བསྡོམས་༢,༩༣༩ ལས་བརྒལ་ ཐོབ་མ་ཚུགས་པས།
མིག་དམར་རྡོ་རྗེ་གིས་ འགྲེམ་ཐོག་ཚོགས་རྒྱན་༩༦༢ ཐོབ་མི་དེ་ འགྱུར་མེད་དབང་ཕྱུག་དང་ཕྱདཔ་ད་ ཚོགས་རྒྱན་༡,༡༤༧ གྱིས་ ཉུངམ་ཨིན་པས།
སྤྱིར་བཏང་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་མི་བསྡོམས་༡༧,༨༧༡ འོང་མི་དེ་ བརྒྱ་ཆ་༧༦ གི་རྩིས་ཨིནམ་ལས་ སྤྱིར་བཏང་བཙག་འཐུ་ལས་ བརྒྱ་ཆ་༢༠ དེ་ཅིག་ ཡར་སེང་སོང་ཡོདཔ་ད་ དར་དཀར་ནང་ལུ་ ཚོགས་རྒྱན་ས་ཁོངས་༤༦ གི་དོན་ལས་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༢༤,༥༧༠ ཡོདཔ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ ལྷ་མོའི་རྫིང་ཁ་-བཀྲིས་སྡིངས་ཀྱི་འདེམས་ངོ་ ཧེ་མཱན་གུ་རུང་གིས་ སླབ་མིའི་ནང་ འགོ་ཐོག་བཙག་འཐུའི་ གྲུབ་འབྲས་ཀྱིས་ ཁོ་ར་ རྒྱལ་ཁ་འཐོབ་ནིའི་ བློ་སྟོབས་སྦོམ་ཐོབ་ཅི་ཟེར་ཨིནམ་ད་ དེ་གི་ནང་དོན་ཉིད་ལས་ ང་གིས་ འདེམས་ཁོངས་ཀྱི་ མི་སེར་ཚུ་དང་ འབྲེལ་བ་འཐབ་སྡོད་དེ་ ལོ་ངོ་བཅུ་ཕྲག་ལྷག་ཡོདཔ་ལས་ དེ་གིས་ཡང་ རྒྱལ་ཁ་འཐོབ་ནི་ལུ་ ལྷན་ཐབས་བྱུང་ཡི་ཟེར་ ཁོ་གིས་ བཤདཔ་ཨིན་པས།
འགྱུར་མེད་དབང་ཕྱུག་གིས་འབད་བ་ཅིན་ མཉམ་རུབ་ཚོགས་པ་གིས་ དར་དཀར་ནང་ལས་ རྒྱལ་ཁ་འཐོབ་ནི་ ངེས་བདེན་སྡོད་ཡོདཔ་ལས་ བཙག་འཐུའི་གྲུབ་འབྲས་ཚུ་ལུ་བལྟ་སྟེ་ ཁོ་ར་ ཧ་ལས་དགོཔ་ མ་བྱུང་རུང་ རྒྱལ་ཁ་ཐོབ་ད་ སེམས་དགའ་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གྲུབ་འབྲས་ཐོན་མི་དེ་ཡང་ ཚོགས་པའི་ཁས་བླངས་གསལ་བསྒྲགས་དང་ ལྟ་བ་ དེ་ལས་ འགོ་ཁྲིདཔ་ཚུ་ལུ་ མི་སེར་ཚུ་ལས་ ཡིད་ཆེས་ཡོད་ནི་དེ་གིས་ཨིན་པའི་ཁར་ ཚོགས་རྒྱན་བཙུགས་མི་ཚུ་གི་ཧོངས་ལས་ ཉམས་མྱོང་དང་ ཤེས་ཚད་ཚུ་ལུ་ བལྟ་མི་དེ་གིས་ཡང་ ཁྱད་པར་བཟོ་ནུག་ཟེར་ཨིནམ་ད་ མི་སེར་གྱིས་ སོར་བསྒྱུར་དགོཔ་བཞིན་དུ་ འབྲུག་མཉམ་རུབ་ཚོགས་པ་དེ་ ཁོང་གི་སོར་བསྒྱུར་ཨིན་ཟེར་ འགྱུར་མེད་དབང་ཕྱུག་གིས་ བཤདཔ་ཨིན་པའི་གནས་ཚུལ།