༉ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་དང་འཁྲིལཝ་ད་ སོ་ནམ་དང་ གློག་མེ་ ལྟ་བཤལ་ དེ་ལས་ བཟོ་གྲྭ་འཕྲུལ་ཁང་གི་མཁས་མཆོག་ ཨཱོས་ཊི་ཡན་ཚུ་ འབྲུག་ལུ་ མ་རྩ་གཞི་བཙུགས་འབད་མི་ གཙོ་ཅན་ཅིག་ཨིན་ཟེར་ ཨིན་པས།
ཨཱོས་ཊི་ཡན་གྱི་འཐུས་མི་ཚུ་ སྤྱི་ཟླ་༡༢ པའི་ཚེས་༡ ལས་༢ ཚུན་ རྒྱལ་ཁབ་ནང་ འབྲུག་གཞུང་དང་ ཚོང་འབྲེལ་མི་སྡེ་ནང་ མཉམ་འབྲེལ་འོས་འབབ་ཀྱི་ གནས་སྟངས་ཚུ་ བལྟ་བར་འོང་ཡོདཔ་ཨིན་པས།
ཁ་ཙ་ ཐིམ་ཕུག་ལུ་སྦེ་ འཐུས་མི་ཚུ་ལུ་ འབྲུག་ཚོང་དང་བཟོ་གྲྭའི་ཚོགས་སྡེའི་ དྲུང་ཆེན་འོགམ་ ཅཱ་དར་ ཆེ་ཏི་རི་གིས་ སླབ་མིའི་ནང་ ཨཱོས་ཊི་ཡ་གཞུང་དང་ འབྲུག་རྒྱལ་ཁབ་༢ ཀྱིས་ མཐུན་འབྲེལ་ཐོག་ལས་ ལཱ་འབད་དེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་གི་ནང་འདྲེན་ནང་ ཨཱོས་ཊི་ཡ་དེ་ གནས་ཚད་༡༤ ལུ་འབདཝ་ད་ ནང་འདྲེན་གྱི་ གནས་གོང་འབད་བ་ཅིན་ དངུལ་ཀྲམ་ས་ཡ་༡༧༩ དེ་ཅིག་ ཨིན་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ ཕྱིར་ཚོང་གི་ཐད་ཀར་ འབྲུག་རྒྱལ་ཁབ་ནང་ གནས་ཚད་༡༥ ལུ་ཡོདཔ་ད་ ཕྱིར་ཚོར་གནས་གོང་དེ་ དངུལ་ཀྲམ་ས་ཡ་༤༦.༥༤ ཨིནམ་བཞིན་དུ་ འབྲུག་གིས་ ཕེ་རོ་ཨེ་ལོ་འེས་ཚུ་ ཕྱིར་ཚོང་འཐབ་དོ་ཟེར་ དྲུང་ཆེན་འོགམ་གི་ བཤད་ཅི།
གློག་མེ་དང་ ལས་སྡེ་ཚུ་ རྒྱ་སྐྱེད་གཏང་ཐོག་ལས་ ཨཱོས་ཊི་ཡ་དེ་ ཡུ་རོ་པི་ཡཱན་ ཡུ་ནི་འོན་ནང་ གློག་མེ་གི་གནས་སྟངས་ནང་ དྲག་ཤོས་བཟོ་སྟེ་ ཡོདཔ་ཨིན་པས།
དེ་མ་ཚད་ ཨཱོས་ཊི་ཡ་རྒྱལ་ཁབ་དེ་ ཡུ་རོ་པི་ཡན་ ཡུ་ནི་འོན་ནང་ རང་བཞིན་གྱིས་སྨིན་པའི་ སོ་ནམ་ལཱ་འབད་ནིའི་ནང་ དྲག་ཤོས་ཅིག་ཨིན་པའི་ཁར་ བཟོ་གྲྭ་དང་ ཚོང་འབྲེལ་དེ་ ལས་སྡེ་བར་མ་སྦེ་ དབྱེ་བ་ཕྱེས་ཏེ་འདུག་ཟེར་ ཅཱ་དར་ ཆེ་ཏི་རི་གིས་ བཤད་ཅི།
བསྟན་རྒྱས་བླན་པོ་ ལོག་ནཐ་ཤར་མ་གིས་ སླབ་མིའི་ནང་ འཛམ་གླིང་ནང་ འབྲུག་རྒྱལ་ཁབ་འདི་ ཚོང་འབྲེལ་ཐད་ཁར་ དྲག་ཤོས་༥༠ ནང་ བཙུགས་ནི་ལུ་ ཁས་བླངས་འབད་དེ་ཡོད་ཟེར་ཨིནམ་ད་ ཚོང་ལམ་ནང་ སྟབས་བདེ་ཚུ་བལྟ་ནིའི་དོན་ལུ་ ཚོང་འབྲེལ་སྙན་ཞུ་༢༠༡༩ ནང་ བཟོ་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་༢ ཆ་ར་ མཉམ་འབྲེལ་ཐོག་ལུ་ཡོདཔ་ལས་ ལྷག་པར་དུ་ རྒྱལ་ཁབ་༢ ཀྱི་མཉམ་འབྲེལ་ཡར་དྲག་གཏང་ནི་ལུ་ ལཱ་འབད་ནི་ཨིན་ཟེར་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེའི་ ལྟ་བཤལ་གོང་འཕེལ་ལས་སྡེའི་འགོ་འཛིན་ དམ་ཆོས་རིག་འཛིན་གྱིས་ སླབ་མིའི་ནང་ ད་རེས་ ལྟ་བཤལ་ལུ་བརྟེན་ ནུབ་ཕྱོགས་རྫོང་ཁག་རེ་གཉིས་ལུ་ ཕན་ཐོགས་བྱུང་སྟེ་ཡོདཔ་ལས་ ལྟ་བཤལ་རྒྱ་སྐྱེད་གཏང་ནིའི་དོན་ལུ་ ལཱ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཆར་གཞི་༡༢ པའི་ནང་ ལྟ་བཤལ་དེ་ ལས་སྣ་གཙོ་ཅན་ཅིག་སྦེ་ བཞག་སྟེ་ཡོདཔ་ལས་ འཆར་གཞི་དེ་ནང་ ལུང་ཕྱོགས་འདྲ་ཉམས་བཟོ་ནི་དང་ ནུབ་ཕྱོགས་རྫོང་ཁག་ནང་ ལྟ་བཤལ་གྱི་དོན་ལུ་ འཛིན་སྐྱོང་དང་ གཞི་རྟེན་མཐུན་རྐྱེན་ཚུ་ ཡར་དྲག་གཏང་འོང་ཟེར་ཨིན་པས།
བསྟན་རྒྱས་ལྷན་ཁག་གི་ འཆར་གཞི་དང་ སྲིད་བྱུས་སྡེ་ཚན་གྱི་གཙོ་འཛིན་ བསོད་ནམས་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ཡན་ལག་ཚུ་ རྒྱ་སྐྱེད་གཏང་ནི་ལུ་ གནད་དོན་ལེ་ཤ་ཡོདཔ་བཞིན་དུ་ ད་རེས་ དཔལ་འབྱོར་གོང་འཕེལ་གཏང་ནིའི་དོན་ལུ་ གློག་མེ་དང་ ལྟ་བཤལ་རྐྱངམ་གཅིག་ཡོདཔ་ལས་ དཔལ་འབྱོར་ཐོན་ཁུངས་ཚུ་ རྒྱ་སྐྱེད་གཏང་དགོཔ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དཔལ་འབྱོར་ཡན་ལག་བཟོ་ནི་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ དགེ་ལེགས་ཕུག་ལུ་ འབྲུག་གློག་མེ་ཞབས་ཏོག་ཚད་ གཞི་བཙུགས་འབད་མི་དེ་ དཔེ་གཞི་ཅིག་ཨིན་ཟེར་ཨིན་པས།
བསོད་ནམས་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ འཆར་གཞི་༡༢ པའི་ནང་ ཕྱི་འབྲེལ་ཐད་ཁར་ མ་རྩའི་སྲིད་བྱུས་དང་ ས་གཏེར་སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་འོང་ཟེར་ཨིནམ་མ་ཚད་ ད་རེས་ ཕུན་ཚོགས་གླིང་ དཔག་བསམ་ཁ་ལུ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ དོ་བཞག་ས་ཡང་ བཟོ་སྐྲུན་འབད་ཚར་འོང་ཟེར་ཨིན་པས།
བསྟན་རྒྱས་ལྷན་ཁག་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༧ ལུ་ སོ་ནམ་ལས་སྡེ་གིས་ ནང་འཁོད་ཡོངས་འབོར་ལུ་ བརྒྱ་ཆ་༡༧.༣༧ ལྷན་ཐབས་འབད་དོ་ཡོདཔ་བཞིན་དུ་ འབྲུག་གི་ ས་ཆ་ཨེ་ཀར་༣༠༠ དེ་ཅིག་ སོ་ནམ་ཚོང་འབྲེལ་གྱི་བཟོ་གྲྭ་ཁང་ གཞི་བཙུགས་འབད་ནིའི་དོན་ལུ་ ངོས་འཛིན་འབད་དེ་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འཐུང་ཆུ་ཚུ་ ཚོང་འབྲེལ་དེ་གིས་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་པའི་སྐོར་ལས་ བཤད་ཡོདཔ་མ་ཚད་ འཐུང་ཆུའི་ཚོང་འབྲེལ་དེ་ མ་འོངས་པ་ལུ་ བརྒྱ་ཆ་༡༠ དེ་ཅིག་ ཡར་སེང་འབད་ནིའི་ དམིགས་གཏད་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།